R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།སེར་ཁ་ཟོ་ཐང་ཟར་རུ་འབྲུ་སྣ་བཏབ་པའི་སར་ཁྲིད་ནས་ཕྱིན་པ་དང་འབྲུ་ཐམས་ཅད་ཁ་ཤ་རེ་སྨིན་ནས་འདུག་གོ། །དེ་རྣམས་བུ་ཚ་བོ་རྣམས་ལ་བསྟན་ནས་འདི་ཁྱེད་རྣམས་ཀྱི་ཟས་སྐལ་དུ་འཕགས་པས་གནང་བ་ཡིན་ནོ། །འདི་རྣམས་ཟོ་དང་སྨྲས་པས་ཡུལ་ལ་སྔ་བ་ཡར་ལུང་ཟོ་དང་བྱ་བ་ཡིན་ནོ། །དེ་ནས་སྤྲེའུ་ཕྲུག་བཞི་བརྒྱ་པོ་དེ་རྣམས་དགའ་ཆེ་སྟེ་འདི་ལ་ལྟོས་ལས་ཟོ་དང་ཟེར་ཏེ་མུ་གེ་ཡར་བས་ཡར་ཀླུང་དུ་གྲགས་སོ། །དེ་ནས་འཕགས་པས་གནང་བའི་གསེར་ཁྱོར་བ་གང་པོ་དེ་སྤྲེའུ་བྲག་སྲིན་མོ་ལ་གཏད་པས་མོ་ཡིས་ས་ཕྱགས་ནས་གསེར་འདིས་བུ་ཚ་བོ་མི་ངོམས་སོ་སྙམ་ནས་དེ་སྐད་མི་སྙོམས་སོ་ཟེར་ནས་གསེར་ཕྱེ་གནམ་ལ་གཏོར་བས་གསེར་རྣམས་འཕེལ་བར་གྱུར་ནས་གསེར་ལ་གསེར་སྡིང་དུ་གྲགས། གསེར་ཁུར་བརྡོལ་བ་དང་བུ་ཚ་བོ་ཐམས་ཅད་ཟས་ནོར་འཛོམས་ཏེ་སྐྱིད་པ་དང༌། བུ་ཚ་བོ་གསོ་ཡང་མ་དགོས་པར་སེམས་ཁྲལ་མེད་པས་སྤྲེའུ་ཤེལ་གྱིས་ཕུག་པར་བསྒོམས་སོ། བྲག་སྲིན་མོས་པད་མའི་ལྗོངས་སུ་བསྒོམས་སོ། །དེ་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཁ་བ་ཅན་དུ་ཟང་ཟིང་གིས་བསྡུས་པ་ཡིན་ནོ། །དེ་ནས་ཆོས་ཀྱིས་བསྡུས་པ་ནི་སྤྱན་རས་གཟིགས་ཀྱི་ཕྱག་གཡས་པའི་མཐིལ་ནས་འདོད་ཟེར་འཕྲོས་པས་འོད་ཟེར་གྱི་སྣ་ལ་ཁྱེའུ་མཚན་དང་ལྡན་པ་གཅིག་སྤྲུལ་ཏེ་ཁ་བ་ཅན་དུ་བྱོན་པས་སྤྲེ་ཕྲུག་མི་མིན་སྤྲེའུ་མིན་མཇུག་མ་ལྡུམ་པ་ལུས་པོར་བ་སྤུས་ཁེངས་པ། བོད་ཁམས་ཐམས་ཅད་གང་ནས་འདུག་གོ། །དེ་རྣམས་ཀྱི་གསེབ་ཏུ་བྱོན་པས་དེ་རྣམས་ཀྱིས་སྨྲས་པ། ཁྱེད་ལུས་ལེགས་པ་འདི་ལྟ་བུ་ཅི་ལས་བྱུང་ཟེར་བས། ང་ཡིས་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་བྱུང་བྱས་པས། འོ་ན་ཁྱེད་ཀྱིས་དེ་ངེད་ལ་ཡང་སློབ་དང་ཟེར་ནས་དེ་ནས་སྤྲུལ་པའི་ཁྱེའུ་དེས་མི་དགེ་བ་བཅུ་སྤོང་ཞིང་དགེ་བཅུ་སྤྱོད་པའི་ཆོས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པའི་ཆོས་བསྟན་གྱི་ཉོན་ཅིག་སུངས་པ། ཁྱོད་རྣམས་སེམས་ཅན་གྱི་སྲོག་མ་གཅོད། ཤིང་ཏོག་དང་འབྲུ་ཟོ་ཞིག མ་སྦྱིན་པར་མ་ལེན་ཞིག གཅིག་གིས་གཅིག་གི་ཟས་སྐལ་མ་རྐུ་ཞིག གཅིག་དང་གཅིག་ཟ་མི་བྱས་ནས་བཟའ་བདག་ཏུ་བཟུང་བ་ལ་འདོད་པ་ལོག་པར་མ་སྤྱོད་ཅིག རྫུན་མི་བདེན་པ་མ་སྨྲ་ཞིག གཅིག་ལ་གཅིག་གིས་གཡོ་དང་ཕྲ་མ་མ་བྱེད་མཐུན་པར་མཛོད་ཅིག། ཚིག་རྩུབ་པོ་གཅིག་ལ་གཅིག་གིས་མ་སྨྲ་ཞིག ངག་འཁྱལ་བ་གཞན་མི་དགའ་བས་མ་སྨྲ་ཞིག གཞན་ལ་མེད་ན་དགའ་བ་རང་ལ་ཡོད་ན་དགའ་བའི་བསམ་པ་མ་སེམས་ཤིག བརྣབ་སེམས་སུ་མ་བྱེད་ཅིག གཞན་ལ་གནོད་པའི་སེམས་མ་སྐྱེད་ཅིག མི་དགེ་བ་བཅུ་སྤངས་པས་དགེ་བཅུར་འགྲོ་བ་ཡིན་པས་མི་བདེན་སྙམ་པའི་ལོག་པར་ལྟ་བ་མ་བྱེད་ཅིག སྲོག་གཅོད་སྤངས་ནས་སྲོག་སྐྱོབ་བྱས་པས་ཚེ་རིང་བར་འགྱུར་རོ། །རྐུ་བ་སྤངས་ནས་གཞན་ལ་སྦྱིན་པ་བཏང་བས་ཟས་སྐོམ་དང་ལོངས་སྤྱོད་འཕེལ་བ་ཡིན་ནོ། །གཞན་གྱི་ཆུང་མ་ལ་མི་ཚངས་པར་མ་སྤྱད་པས་གྲོགས་སྙིང་དུ་སྡུག་པ་ཡིད་དུ་འོང་བ་རྙེད་པར་འགྱུར་རོ། །རྫུན་མ་སྨྲས་པ་བདེན་པར་སྨྲས་པས་ཚིག་བརྟན་པ་དང་གཞན་ཡིད་ཆེས་པར་འགྱུར་རོ། །ཕྲ་མ་མ་བཅུག་པར་མཐུན་པར་བསྡུམས་པས་ཀུན་དང་མཐུན་པར་འགྱུར་རོ། །ཚིག་རྩུབ་མ་སྨྲས་པས་གང་སྨྲས་པ་ཉན་པར་འགྱུར་རོ། །ངག་འཁྱལ་བར་མ་སྨྲས་པར་བདེན་པར་གསོང་པོར་སྨྲས་པས་ཐམས་ཅད་ཡིད་ཆེས་པར་འགྱུར་རོ། །བརྣབ་སེམས་མ་བྱས་པར་རང་གི་ཟས་ནོར་གྱིས་ཆོག་ཤེས་པར་བྱས་པས་ཟས་ནོར་གང་ཡང་རྙེད་པར་འགྱུར་རོ། །ལོག་ལྟ་མ་བྱས་པར་ཆོས་ལ་ཡིད་ཆེས་པར་བྱས་པས་ཆོས་དང་འཕྲད་པར་འགྱུར་རོ། །མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་སྤྱད་པས་རང་གི་གཟུགས་བྱད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །ལྷ་དང་མིར་སྐྱེ་བ་ཐོབ་པར་འགྱུར་རོ། །ཁྱོད་རྣམས་མི་དགེ་བ་བཅུ་སྤོངས། དགེ་བ་བཅུ་སྤྱོད་ཅིག་ཅེས་སྨྲས་པས་དེ་དག་གིས་ཀྱང་གོ་ཞིང་གོང་བཞིན་དགེ་བ་བཅུ་ལ་སྤྱད་པས་གཟུགས་བྱད་ཇེ་བཟང་ཇེ་བཟང་ལ་སོང་ནས་མི་ལུས་བཟང་པོར་གྱུར་ཏོ། །དེ་ནས་སྤྲུལ་པའི་ཁྱེའུ་དེས་འགྲོ་བ་མིར་གྱུར་པ་དེ་དག་གི་ནང་དུ་བྱོན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་བསྟན་ཏེ། ཀྱེ་སེམས་ཅན་མིར་སྐྱེ་བ་དཀོན་གྱིས་དམྱལ་བ་ཡི་དྭགས་བྱོལ་སོང་གསུམ་དུ་སྐྱེས་ན་བདག་གི་དོན་ཡང་མི་འགྲུབ་ལ་གཞན་གྱི་དོན་ལྟ་ཅི་སྨོས།