R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
གཉིད་སད་པ་དང་ང་ལ་ཁྱོ་དེ་འདྲ་ཞིག་ཡོད་ན་དགའ་བ་ལ་སྙམ་པ་ཞིག་བྱུང་ངོ༌། །བུ་མོ་དེའི་ལུས་ལ་སྲིད་པ་ཞུགས་ཏེ་འགུལ་བ་དང་འཕྲིག་པ་ལ་སོགས་པ་བྱུང༌། ལུས་ཤིན་ཏུ་བདེ་བ་དང༌། ཡང་བ། སེམས་བདེ་བ་དང༌། ཡིད་གསལ་བ། རྣམ་པར་མི་རྟོག་པ་དང་ལྡན་ནོ། །བུ་མོ་དེའི་བསམ་པ་ལ་ང་སྐྱེས་པ་དང་ནི་མ་ཉལ། ལུས་ནི་སྦྲུམ་པས་བྲམ་ཟེའི་རིགས་ཀྱང་སྨད། ཡུལ་མི་ཀུན་ཡང་གཤེ་ཡོང་ངོ་ཚ་རྙེད་ནས་མིང་པོའི་ཆུང་མ་མནའ་མ་ལ་འདི་སྐད་སྨྲས་སོ། །ངས་སྐྱེས་པ་དང་ནི་མ་ཉལ། ལུས་ནི་སྦྲུམ། སྲོག་འདོར་རམ་སྙམ་བྱས། མནའ་མས་མིང་པོ་ལ་སྨྲས་པས། མིང་པོ་ན་རེ། དེ་ལ་ཤི་ཕོད་མི་དགོས། དེ་བྱང་ཆུབ་སེམས་དཔའི་སྤྲུལ་པ་སེམས་ཅན་གྱི་དོན་བྱེད་པ་ཞིག་ཡོང་བ་ཡིན། མོ་རང་གི་དཔལ་དུ་ཡོང་གྱིས་ཤིག དེ་སྐད་ཆུང་མ་ལ་བསྲིངས་ནས། མིང་པོས་ཇི་སྐད་ཟེར་བ་བཞིན་དུ་མནའ་མས་བྲམ་ཟེ་མོ་ལ་སྨྲས་སོ། །དེ་ནས་ཟླ་བ་ཚང་བ་དང་ཁྱེའུ་ཞིག་བཙས་པར་གྱུར་ཏོ། །བྱིས་པ་ཤིན་ཏུ་ལེགས་པ་མཚན་དང་ལྡན་པ་གཅིག་བྱུང་ངོ༌། །དེ་བྲམ་ཟེ་མཚན་མཁན་ལ་བསྟན་པས། མཚན་ཤིན་ཏུ་བཟང་བས་མིང་ཡང་བདེ་མཆོག་དུས་ཀྱི་སྙིང་པོ་བྱ་བར་བཏགས་སོ། །དེར་བྱིས་པ་ཤིན་ཏུ་སྐྱེད་ཆེ་བ། དད་པ་དང་ལྡན་པ། བློ་རྣོ་བ། ཤེས་རབ་ཆེ་བ་ཞིག་བྱུང་ནས་ལོ་ལྔ་ལ་ལོན་པ་ན། མ་ལ་ངའི་ཕའི་ལས་སྐལ་ཅི་ཡིན་དྲིས་པས། མ་ཡིས་བུ་ཁྱོད་ལ་ཕ་མེད་པ་ཡིན། ལས་སྐལ་དུ་ཆོས་བྱེད་དགོས་སྨྲས་པས། འོ་ན་ཆོས་སློབ་ཏུ་འགྲོ་བས་མ་ཡིས་གནང་བར་མཛོད་ཅེས་ཟེར་ནས་སློབ་དཔོན་དྷརྨ་བྷོ་དྷི་བྱ་བ་པཎྜི་ཏ་མཁས་པ་ཞིག་ལ་ཆོས་ཞུ་བར་ཕྱིན་པས་ཁྱེའུ་ལོ་ལྔ་པས་ཆོས་སྡེ་སྣོད་རྒྱུད་སྡེ་མི་གོ་གསུངས་ནས་ཆོས་སྒྲུང་དང༌། ལྡེའུ་དང༌། དྲང་དོན་གྱི་ཆོས་བཤད་པས་བྲམ་ཟེ་མོའིབུ་བློ་མ་ཁེངས་ནས་ད་སློབ་དཔོན་གཞན་ཞིག་འཚོལ་སྙམ་ནས་ཡུལ་གཞན་ཞིག་ཏུ་སོང་བས། ལམ་ཁར་ཁྱེའུ་མཛེས་པ་རིག་པ་དང་ལྡན་པ་གཉིས་དང་འཕྲད་དེ། དེར་ཁྱེད་གཉིས་གར་འགྲོ་ཞེས་དྲིས་པས་ཁྱེའུ་གཉིས་ན་རེ། ང་རྒྱལ་པོའི་བུ་ཡིན། ཁོང་བློན་པོའི་བུ་ཡིན། ངེད་གཉིས་འཁོར་ལ་བ་སྐྱོ་བ་སྐྱེས། ཡང་དག་པའི་ཆོས་ཤིག་འཚོལ་བས། ཨོ་རྒྱན་གྱི་ཡུལ་ན་དུས་གསུམ་གྱི་སངས་རྒྱས་ཐུགས་ཀྱི་སྤྲུལ་པ་སློབ་དཔོན་ཆེན་པོ་ཡང་སྤྲུལ་དགའ་རབ་རྡོ་རྗེ་ཞེས་བྱ་བ་ད་ལྟ་ཉིད་དུ་རང་གྲོལ་དུ་འགྲོ་བའི་ཆོས་སྟོན་པ་ཞིག་བཞུགས་ཟེར། དེའི་དྲུང་དུ་ཆོས་ཞུར་འགྲོ་ཞེས་སྨྲས་པས། འོ་ན་ང་ཡང་བྲམ་ཟེའི་བུ་ཞིག་ཡིན། ཁྱེད་གཉིས་དང་འགྲོགས་ནས་འགྲོ་ཞེས་སྨྲས་ནས་དེར་ཁྱེའུ་གསུམ་གྱིས་སློབ་དཔོན་དགའ་རབ་རྡོ་རྗེའི་དྲུང་དུ་ཕྱིན་པ་དང་མཇལ་ནས་གསེར་གྱི་པ་ཊ་ཕྱག་རྟེན་དུ་ཕུལ་ཏེ། སློབ་དཔོན་ཆེན་པོ་ལགས་ངེད་ཅག་གསུམ་ལ་ཚེ་འདི་ཉིད་ལ་སྒྱུ་ལུས་ཀྱི་ཕུང་པོ་འདི་ལུས་ངག་ཡིད་གསུམ་མ་སྤངས་པར་འབྲས་བུ་ཕུང་པོ་ལྷག་མེད་དུ་འགྲོ་བ། ལྟ་དགོངས་ཐམས་ཅད་ཀྱི་ཕུལ་དུ་བྱུང་བ་སངས་རྒྱ་བའི་ཆོས་ཤིག་ཞུས་འཚལ་ཞུས་པས་རྒྱལ་བུ་ལ་དགོངས་པ་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་གནང༌། བྲམ་ཟེའི་བུ་ལ་སྟར་ཁ་གེགས་སེལ་གྱི་རྒྱུད་གནང༌། བློན་པོའི་བུ་ལ་ལྟ་བ་ཤན་འབྱེད་ཀྱི་རྒྱུད་གནང་ངོ༌། །བྲམ་ཟེའི་བུ་ལ་ཁྱོད་འཕགས་པའི་སྤྲུལ་པ་ཡིན་པས་ལྷ་འཕགས་པ་ཐུགས་རྗེ་ཆེན་པོ་སྒོམས། སྙིང་པོ་ཡི་གེ་དྲུག་པ་ཟློས། འགྲོ་བ་རིགས་དྲུག་གི་སྒྲིབ་པ་སྦྱོང་བ་ཡིན་ནོ། ཨོཾ་ནི་ཡེ་ཤེས་ལྔ་མ་འགག་ཅིར་ཡང་འཆར། །ལྟ་བ་མཐའ་བྲལ་རྟེན་དང་བྲལ། །མ་ནི་མ་བཅོས་རང་ལུགས་རྩོལ་དང་བྲལ། །སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང༌། །མ་བཙལ་རང་བཞག་སྒོམ་པ་ཡིན། །ཎི་ནི་རིགས་པ་སེམས་ཀྱི་གཞི། །རྟོགས་པས་མ་རིག་སངས་ཏེ་ཡེ་ཤེས་སྤངས། །འཐའ་བྲལ་རྟེན་མེད་ཆོས་ཀྱི་ངང༌། །མ་བསྒྲུབས་འབྲས་བུ་རང་བྱུང་མཆོག །མེ་ནི་ཡེ་ཤེས་འོད་གསལ་བ། །རྣམ་རྟོག་མཚན་མ་རང་སར་བསྲེག །རང་སར་གྲོལ་བ་ཆོས་ཉིད་ཡིན། །ཧཱུཾ་ནི་ཐུགས་ཀྱི་སྙིང་པོ་སྟེ། །ཆོས་ཉིད་རྟོགས་པ་མ་སྦས་གསལ། །རང་བྱུང་ཡེ་ཤེས་འགྱུར་མེད་གནས། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །གསུངས་ནས་བཀའ་རྫོགས་པ་ཆེན་པོ་བྲམ་ཟེ་སྐོར་དུ་གྲགས་པ་གསུངས་སོ།