R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།འོ་སྐོལ་རྣམས་ལོག་ན་ནི་རྒྱལ་པོས་ཆད་པ་གཅོད་པས་བློནཔོ་དེ་རང་གི་ཕྱིར་འབྲངས་ཟེར་ནས་སོང༌། བློན་པོས་ཀྱང་མི་ཉེ་མི་རིང་བར་ཁྲིད་ནས་ཕྱིན་ཙ་ན། ལྷ་གཅིག་གི་འཁོར་དང་བློན་པོ་མགར་གྱི་སྲུང་མ་ལས་བོད་ཀྱི་མིའི་རུས་རྒྱ་ཡིན་ཚད་དེ་རྣམས་ལས་གྱེས་པ་ཡིན་ནོ། །དེར་ཤུལ་དུ་རྒྱ་ནག་གི་ལྗང་པ་སྐྱེས་པ་ན་ཤིན་ཏུ་བཟང་བར་བྱུང་བ་ལ། སྟོན་དུ་སོང་ཙ་ན་སྙེ་མ་ལོང་བར་སོང་ནས། གཅིག་ན་རེ། བོད་ཀྱི་བློན་པོས་གདུག་པ་བྱས་པ་འདྲ། སྙེ་མ་ཐམས་ཅན་ལོང་བར་སོང་འདུག་ཟེར། དེར་རྒྱ་ཐམས་ཅད་ཀྱིས་དར་ཟབ་ཀྱང་རབས་བཅད། ཤིང་ཐམས་ཅད་ཀྱང་བསྲེགས། ལུག་ཐམས་ཅད་ཀྱང་བསད། ཤཱཀྱ་མུ་ནེ་ཡང་ལྷ་གཅིག་གིས་ཁྱེར་བས་བོད་ཀྱི་བློན་པོས་རྒྱའི་ཡུལ་ཁམས་ཐམས་ཅད་ཕུང་བར་བྱས་སོ། །ཞེས་གླེང་བས་གཅིག་གིས་གཅིག་ཏུ་བརྒྱུད་ནས་རྒྱལ་པོའི་སྙན་སོང་ངོ༌། །རྒྱལ་པོའི་བསམ་པ་ལ་བདེན་ནམ་སྙམ་ནས། ངན་པ་དེ་བོད་སོང་བ་ཡིན་དེད་ཅིག་གསུངས་པས། རྟ་པ་མང་པོ་འདེད་དུ་བཏང་ངོ༌། །བློན་པོས་ཉིན་གཅིག་མཚེར་རྙིང་པ་ཞིག་ནས་གྱད་པ་མི་བཞི་སྦངས་སྐམ་པོ་འཐུ་རུ་བཅུག་ནས་གཙང་པོ་ལ་བསྐྱུར་བས་རྒྱའི་དེད་མིས་ཆུའི་ནང་ནས་སྦངས་བྱུང་བ་མཐོང་བས། དེར་སླེབས་ཀྱང་ཕན་མེད་ཁོ་ལ་བསུ་བའི་དམག་མང་པོ་བྱུང་བས་རབ་ལ་བརྒལ་བའི་སར་རྟའི་སྦངས་བཏང་བ་ཡང་འདི་ཙམ་བྱུང་ཟེར་རོ། །གཅིག་ན་རེ། ད་དུང་དེད་ཅིག་ཟེར་ནས་བདས་ཙ་ན། ཡང་བློན་པོས་རྟ་ལྕག་གི་རྒྱུའི་སྤ་ནགས་དང་འཕྲད་ནས་སྤ་མང་པོ་བཅད་དེ་ལྕགས་མང་པ་བྱས་ནས་ཆུ་ལ་བསྐུར་བས། རྒྱའི་དེད་མིས་མཐོང་ནས་འོ་སྐོལ་རྣམས་ཀྱིས་ཁོའི་རྗེས་སླེབས་ཀྱང་ཕན་མེད། རྟ་ལྕག་ཆུ་ལ་ལྷུང་བ་ཡང་འདི་ཙམ་འདུག་པ་ལ་འོ་སྐོལ་ཐམས་ཅད་ཐབས་ཀྱིས་ཁྲིད་འགྲོ། ལོག་པ་ལེགས་ཟེར་ནས་མར་ལོག་གོ། །དེ་ནས་བློན་པོ་ཡང་བྱོན་ཙ་ན། ཀོང་ཇོ་དཔོན་གཡོག་ནམ་ཟླ་དབྱར་ཁའི་ཉི་མ་དྲོས་པའི་དུས་སུ་སྤང་ཐང་བདེ་མོ་མེ་ཏོག་ཁྲ་ཡལ་ལེ་བ་ལ། དར་དཀར་གྱི་གུར་ཕུབ། རིན་པོ་ཆེའི་ཁྲི་བཤམས། ཟ་འོག་གི་འབོལ་བཏིང༌། ལྷ་ཤཱཀྱ་མུ་ནེ་གསེར་ཁྲི་ལ་བཞུགས། དེའི་དྲུང་དུ་ཀོང་ཇོས་འབྲས་ཆང་ལྷུང་བཟེད་བཀང་ནས། མཆོད་པ་མང་པ་འབུལ་ཞིང་མེ་ཏོག་དང༌། བདུག་སྤོས་ཀྱིས་མཆོས་ནས་དངུལ་གྱི་པི་ཝང་གི་རྒྱུད་ལ་བརྟེན་ནས་བསྟོད་པ། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་རི་བོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་ཁྱོད་ལ་ནི་གུས་ཕྱག་འཚལ། །ཅེས་བསྟོད་པ་ཕུལ། དེ་ནས་ལྷ་གཅིག་ལ་བསང་བུ་འདྲེན། དེའི་ལྷག་མ་རྣམས་གཡོག་མོ་རྣམས་ཕམ་ཕམ་བྱེད་དོ། །དེ་ནས་སྒང་བུ་ཤིན་ཏུ་མཐོ་ས་ནས་བལྟས་ཙ་ན། གྱད་ཁལ་དང་བཅས་པ་སླེབས་ཏེ། ལ་ལ་ནི་ཕྱག་བྱེད། ལ་ལ་ནི་བསྟོད་པ་བྱེད། ལ་ལ་ནི་རྩེད་དགའ་སྟེ་འདོད་པའི་ལོངས་སྤྱོད་ལ་ལོངས་སྤྱོད། ཚུལ་དེ་ལྟ་བུས་སྔ་དྲོ་རེ་ལ་ཉིན་ལམ་བཅུ་དྲུག་རེ་གཅོད་ཅིང་འོངས་སོ། །དེར་བློན་པོ་མགར་གྱིས་ནག་ཤོད་དུ་ཀོང་ཇོ་ཆས་པའི་རྗེས་སླེབས་ཏེ། དགའ་སྟོན་ཆེན་པོ་ཡང་བྱས་སོ། །ཀོང་ཇོ་ལ་བློན་པོ་མགར་གྱི་བུ་ཆགས་པས་རྒྱལ་མོ་འཕྲང་ལམ་འཆོས་ཤིང་དུས་འགོར་ཟེར་བ་སོགས་སུ་གྱུར་བྱ་བ་དང༌། ཤ་བ་ལ་ཞིང་རྨོད་པ་དང༌། གླང་བུ་ངུ་ཐང་དུ་དུས་འགོར་བར་ཡང་གྱུར་ཏོ། །ཤཱཀྱ་མུ་ནེས་བོད་ཀྱི་ས་གཞི་ཐམས་ཅད་ཞབས་ཀྱིས་བཅགས་སོ། །དེ་ནས་རྒྱལ་པོ་ལ་ཕོ་ཉ་བསྲིངས་ནས་རྒྱ་མོ་ཀོང་ཇོ་ཡང་གདན་འདྲོངས་ནས་ཡོད། གསེར་གྱི་ལྷ་ཤཱཀྱ་མུ་ནེ་ཡང་གདན་འདྲོངས་ནས་ཡོད་དོ། གྱད་མི་བརྒྱད་ཀྱང་ཡོད་བྱ་བའི་ཕོ་ཉ་བ་བསྲིངས་ནས། བསུ་བའི་བཀོད་པ་དང་ལམ་འཕྲང་ཡང་ལེགས་པར་འཆོས་ཤིག་བྱས་པས། གྲོང་ཁྱེར་བ་རྣམས་ཀྱིས་ཤར་ཕྱོགས་མགར་སྣའི་གདོང་དུ་ལམ་འཆོས་ཤིག་པར་བཀའ་བསྩལ་ཏོ། །ཡང་ཀོང་ཇོ་དང་ལྷ་ཤཱཀྱ་མུ་ནེ་ལྷོ་ཕྱོགས་ནས་འོང་བས། གྲོང་ཁྱེར་བ་ཀུན་གྱིས་ལྷོ་བསེ་སྒྲོམ་གྱི་ལམ་འཆོས་ཤིག་པར་བཀའ་བསྩལ་ཏོ། །ཡང་ཀོང་ཇོ་དང་ལྷ་ཤཱཀྱ་མུ་ནེ་ནུབ་ཕྱོགས་ནས་འོང་བས། གྲོང་ཁྱེར་བ་ཀུན་གྱིས་ནུབ་ཕྱོགས་དན་འབག་ནས་ལམ་འཆོས་ཤིག་ཅེས་བཀའ་བསྩལ་ཏོ། །ཡང་ཀོང་ཇོ་དང་ལྷ་ཤཱཀྱ་མུ་ནེ་བྱང་ཕྱོགས་ནས་འོང་བས། གྲོང་ཁྱེར་བ་ཀུན་གྱིས་བྱང་ཕྱོགས་སྒོ་ཕུག་ནས་ལམ་འཆོས་ཤིག་པར་བཀའ་བསྩལ་ཏོ།