[A:༥༦]ལས་འདས་ནས་ལོ་བརྒྱ་ན་ལི་ཡུལ་བྱུང་ངོ༌། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་ས་ཡ་ཕྲག་བདུན་ན་སངས་རྒྱས་བྱམས་པ་འབྱུང་ངོ༌། ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལོན་པ་ན་ཡུལ་ཀཽ་ཤཱམྦིར་བསྟན་པ་ནུབ་ཅེས་ཐོས་ནས། ཡུལ་གཞན་གྱི་བསྟན་པ་ནམ་ནུབ་འཕགས་པ་དགེ་འདུན་འཕེལ་ལ་དྲིས་པ་དང༌། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དུ་གང་ཟག་གི་ཤེས་པའི་རྒྱུན་ལ་གནས་སོ་ཞེས་པ་དང༌། དེ་ནས་ནི་ནུབ་བོ། །ལོ་སུམ་སྟོང་ནི་ཆོས་གནས་སོ་ཞེས་བྱ་བ་ལ་སོགས་པ་དང༌། བཅོམ་ལྡན་འདས་ཀྱི་ལྷ་མོ་དྲི་མ་མེད་པ་ལུང་བསྟེན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ནས་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ་ཞེས་བོད་ཀྱི་ཡུལ་དུ་ཆོས་འབྱུང་བར་ལུང་བསྟན་པ་དང་འགལ་བ་དང༌། གཞན་ཡང་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་ལུང་བསྟན་པའི་ལོ་གྲངས་དང༌། རྒྱལ་པོ་ལ་སོགས་པའི་རབས་བརྩིས་པ་དང༌། དམ་པའི་ཆོས་འཕེལ་འགྲིབ་ཀྱི་རབས་བརྩིས་ན་མི་འཐད་ཅེས་གསུངས་ཏེ། རྒྱས་པར་ཡི་གེ་མངས་པའི་འཇིགས་པས་མ་བྲིས་སོ། །བདག་ཀྱང་རྗེ་བཙུན་ས་སྐྱ་པ་ཆེན་པོའི་རྗེས་སུ་འབྲངས་ཏེ་ཁས་འཆེའོ། །ཞར་ལ་འོངས་པ་གཞན་ཡང་ཡོད་མོད་ཀྱི་རེ་ཞིག་བཞག་གོ །
དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་འཕགས་པ་ཀླུ་སྒྲུབ་བྱོན་ནས་ལོ་དྲུག་བརྒྱ་བཞུགས་ཏེ་ལོ་སྟོང་ནས་འདས། དེའི་སློབ་མའི་མཆོག་རྣམས་ཀྱང་འདས་ཡུན་རིང་མོ་ཞིག་ན་སློབ་དཔོན་ཟླ་གྲགས་བྱུང་བར་ཁོང་རང་གི་གཞུང་ལས་བྱུང༌། ཟླ་བ་གྲགས་པ་དང་ཙནྡྲ་གོ་མི་དུས་མཉམ། དེ་ནས་དུས་རེ་ཞིག་ན་སེང་གེ་བཟང་པོ་དང་ཡེ་ཤེས་ཞབས་བྱོན་ཏེ། ཡེ་ཤེས་ཞབས་ཀྱིས་ཙནྡྲ་གོ་མིའི་ལུང་བདག་གྲུབ་པར་འཇུག་པར་གྲགས་སོ།
།སྐབས་ཀྱི་དོན་ཆོས་རྗེའི་རྣམ་ཐར་ཉིད་ཀྱང་འདིར་རྒྱས་པར་མ་སྤྲོས་ཏེ། ཡི་གེར་འདྲི་ཞིང་ཕྱོགས་ཀུན་ཏུ་སྒྲོགས་པ་རེ་ཞིག་བདག་ལ་མ་གནང་བའི་ཕྱིར་རོ། །འདིར་བཤད་པ་ལ་སྒྲོ་སྐུར་མེད་དེ། དེ་ཡང་ཡུན་རིང་དུ་བརྟེན་པའི་