R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦བ
[A:༦༦བ]ཚེ། ཆོས་རྗེ་ཀུན་སྤངས་པས་འདིར་རྒྱུད་འགྲེལ་ཞིག་འབྲི་བ་དང་། དུས་འཁོར་གྱི་ཐང་ཀ་ཞིག་འབྲི་བ་ཡིན་པས་འདིར་འཁོར་ཙམ་ཞིག་ཤོག་གསུངས་པ་བཞིན་བྱོན་པས། རྒྱུད་རྙིང་ཞིག་གསུངས་པའི་དབུ་ཚུགས་ནས་འདུག་པ་དང་། སྔོན་ལ་རྒྱུད་རྙིང་འདི་ཉོན་ཅིག་གསུངས་པ་ལ། སྔར་བླ་མ་ཆོས་སྐུ་བའི་དྲུང་དུ་བཞུགས་དུས་ཞལ་ཚ་བ་ཞིག་འདུག་པ་ནས་ཆོས་མ་ཞུས་པ་ཡིན་ནའང་། ད་ལམ་མ་ཞུས་པར་ཉོན་གསུངས་པ་འདི་ཐུགས་ལ་ཡོད་པ་ཡིན་སྙམ་ནས་མཉན་པས། རྒྱུད་རྙིང་ཅུང་ཟད་མ་ཚར་བ་ལ། ཁྱེད་ཡི་གེ་འབྲི་བ་རྐྱང་པ་ལ་བོས་པ་མིན་པས། ད་རེས་ཁྲིད་འདི་ཡང་ཉོན་གསུངས་ནས་སྦྱོར་དྲུག་གི་ཁྲིད་གནང་སྟེ་ལོ་གསུམ་ལ་ཡོངས་སུ་རྫོགས་པ་མཛད་དོ། །ཕྱིས་བླ་མའི་གསུང་གིས། ཁྱོད་རང་འདོད་ཅིང་མི་བདེ་བ་བྱུང་ན་ཞུ་བ་སུ་འདུག་པའི་ཟླ་ལ་འོང་བས་ཆོག་གོ་གསུངས་ནས། ཕྱིས་སུ་སྔ་ཕྱིར་བསྡོམས་པའི་ཁྲིད་བདུན་ཞུས་ནས་ཕྱག་ལེན་ཐམས་ཅད་ལེགས་པར་སྦྱངས། གསུང་བགྲོས་ཐམས་ཅད་ཟིན་བྲིས་མཛད། སྲུང་འཁོར་དགོས་པ་རྣམས་དཔེ་ཆུང་དུ་བྲིས་ཏེ་ལེགས་པར་གཏན་ལ་ཕབ་ནས། འབྲོ་ལུགས་ཀྱི་སྦྱོར་དྲུག་གི་མན་ངག་ཡུ་མོའི་ཡིག་ཆ་དང་བཅས་པ་ཐམས་ཅད་དང་། ཤ་བ་རཱི་ནས་བརྒྱུད་པའི་གཞུང་ཆུང་ཤོག་རིལ་བཞི་དང་བཅས་པ་དང་། རྩ་མི་ལུགས་ཀྱི་སྦྱོར་དྲུག་སྡེ་སྐོར་དང་བཅས་པ། སྒ་ལོས་མཛད་པའི་ཡོར་དྲུག་གི་སྐོར་ཕྲན་ཚེགས་དང་བཅས་པ་དང་། ས་ལུགས་ཀྱི་ཕ་རྒྱུད་གསང་བ་འདུས་པའི་སྦྱོར་དྲུག མ་རྒྱུད་ཀྱེ་རྡོ་རྗེའི་སྦྱོར་དྲུག ཞང་ཚལ་པའི་སྦྱོར་དྲུག་སྡེ་སྐོར་དང་དང་བཅས་པ། འབྲོ་ལོ་ཙཱ་བའི་སྦྱོར་དྲུག