R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༧ན
[A:༦༧ན] སྲེག་པ་ལུང་པའི་སྦྱོར་དྲུག གྱི་ཇོ་ལུགས་ཀྱི་སྦྱོར་དྲུག དཔེ་མེད་མཆོག་གི་སྦྱོར་དྲུག པཎ་ཆེན་ཤཱཀྱ་ཤྲཱིའི་སྦྱོར་དྲུག རྭ་པའི་སྦྱོར་དྲུག རྩྭ་མིའི་སྦྱོར་འཕྲེང་། ཨ་རྒྱན་པའི་སྙན་བརྒྱུད། དབང་མདོར་བསྟན་ལ་སོགས་པའི་རྒྱུད་ཕྲན། གཞུང་ཕྲན། མཚན་བརྗོད་རྩ་འགྲེལ། དུས་འཁོར་གྱི་དབང་བཀའ་ལ་སོགས་མང་དུ་ཞུས་སོ། །དེ་ནས་ལམ་འབྲས་ཀྱི་ཡིག་ཆ་བརྩམས་པའི་ཡིག་མཁན་ཡང་མཛད་ནས་ལམ་འབྲས་ཀྱི་སྐོར་ཐམས་ཅད་རྫོགས་པར་ཞུས། གཞན་ཡང་ཕྱག་ཆེན་གང་གཱ་མ་དང་། ཐུགས་རྗེ་ཆེན་པོའི་སྨར་ཁྲིད། ཉི་ཟླ་བསྒྲུབ་པ། ཡེ་ཤེས་སྤྱན་སྒྲུབ་ལ་སོགས་པའི་མན་ངག་རྣམས་དང་། དགོངས་འདུས་ལ་སོགས་པ་རྙིང་མ་འགའ་ཡར་དང་། རྫོགས་ཆེན་སེམས་ཕྱོགས་དང་། རྒྱའི་ཧ་ཤང་གི་མན་ངག་གི་སྐོར་རྣམས་གནང་ངོ་། །དེའི་དུས་སུ་བདག་དུས་འཁོར་འདི་ལ་ད་དུང་སློབ་གཉེར་ཞིག་བྱེད། སྒྲ་ཚད་པ་མཁས་པར་གྲགས་གདའ་བས་དེའི་དྲུང་དུ་འགྲོ་ཞུས་པས། དེ་ཚོ་ཤེས་རབ་ཆེ་བས་ཤེས་རབ་ཀྱི་རྩལ་གྱི་བཤད་པ་ཡིན། བརྒྱུད་པའི་མན་ངག་དང་མི་ལྡན་པས་དེར་འགྲོ་བ་འོས་མིན། རྭ་འབྲོ་གཉིས་ཀའི་བརྒྱུད་པའི་མན་ངག་གི་གཏུགས་ས་ཡིན་པས་རོང་དུ་སོང་གསུངས་ནས། བླ་མ་ཤེས་རབ་སེང་གེ་བའི་དྲུང་དུ་བྱོན། དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་ཞུས་ནས། རྒྱུད་འགྲེལ་ལ་སྦྱངས་པ་མཛད་ནས། དཀའ་གནས་ལ་བཤད་པ་ཟབ་པ་བྱུང་ཙམ་ན་འཕྲལ་དུ་གླེགས་ཤིང་ལ་ཡི་གེར་བྲིས། དེའི་འཕྲོ་རྣམས་ཆོས་ཐུན་གྲོལ་བ་ན་ཞུས། དེ་ཡང་ཡི་གེ་ལ་བཏབ།