R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༠བ
[A:༣༠བ]མོ་མཚན་ཐོག་ཐག་བཟླས་པས་འཆི་བདག་གི་ཆད་པ་ལས་ཐར་ཏེ་ཚེའི་རིག་འཛིན་བརྙེས། དེ་ནས་ལོ་བརྒྱད་ལོན་པ་ན་བྲམ་ཟེ་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་རབ་ཏུ་བྱུང་ཞིང་རིམ་གྱིས་ཤེས་བྱ་རིག་པའི་གནས་རྣམས་དང་ཐེག་པ་ཆེ་ཆུང་ཐམས་ཅད་ལ་སྦྱངས་སོ། །ཕྱིས་ཕ་མ་དང་མཇལ་བར་བཞེད་ནས་ཕོ་ཉ་བས་བརྡ་སྦྱར་བ། ཕ་མ་ན་རེ། ད་མྱ་ངན་གསང་སྒྲོགས་མི་དགོས་ཟེར་ནས་ཡིད་མ་ཆེས། དེ་ལ་ལོ་རྒྱུས་ཞིབ་པར་བསྙད་པས་ཡིད་ཆེས། ཕ་མ་དང་མཇལ་ཐམས་ཅད་དགའ་མགུར་གྱུར་ཏོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཉིད་ལ་གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་ཞུས་པས། དེས་ཀྱང་དཀྱིལ་འཁོར་དུ་བཅུག་དབང་བསྐུར། རྒྱུད་བཤད། ཞལ་ནས་སྙན་དུ་བརྒྱུད་པའི་གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་གནང་ངོ་། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཉིད་ལ་མཁན་པོ་ཞུས་ནས་བསྙེན་པར་རྫོགས་པར་མཛད་ནས་མཚན་དགེ་སློང་དཔལ་ལྡན་ཞེས་བཏགས་སོ། །དེ་ལྟ་བུའི་མཁན་པོ་སྒྲ་གཅན་ཟིན་དང་། གྲུབ་པ་བརྙེས་པའི་མཚན་ས་ར་ཧ་གཉིས་ལོ་རྒྱུས་ཕལ་ཆེར་ལས་གཅིག་པ་ཁོ་ན་འབྱུང་ཡང་། མཁས་པའི་དབང་པོ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་དེ་གཉིས་ལས་ཐ་དད་པར་བཤད་ལ། གང་ལྟར་དེའི་ཚེ་མཁན་པོས་ལོ་བཅུ་གཉིས་སུ་མུ་གེ་ཡོང་བས་གཙུག་ལག་ཁང་ཉམས་དམས་པར་གཟིགས་ནས། དགེ་འདུན་རྣམས་ཀྱི་ཞལ་ལྟ་བར་དགེ་སློང་དཔལ་ལྡན་བསྐོས་ཏེ་དཔལ་གྱི་རི་ལ་གཤེགས། དེར་དགེ་སློང་དཔལ་ལྡན་གྱི་ཐུགས་དགོངས་ལ་གསེར་འགྱུར་གྱི་རྩི་བྱས་ལ་དཀོན་མཆོག་དང་དགེ་འདུན་གྱི་ཞབས་ཏོག་བྱའོ་སྙམ་དུ་དགོངས་ཏེ།