R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥བ
[A:༤༥བ]བཀོད་པ་དེ་དག་དང་། ཡང་ཆོས་འབྱུང་ལྷག་བསམ་རབ་དཀར་ཀྱི་བསྟན་པ་ཕྱི་དར་གྱི་སྐབས་ན། འོན་ཀྱང་རིག་པའི་ཁུ་བྱུག་ཟླ་གྲགས་ཀྱི་ཞབས་ཟིན་ཡིན་ལ། ཨ་ཏི་ཤ་རིག་པའི་ཁུ་བྱུག་གི་དངོས་སློབ་ཡིན་ཞིང་། ནག་ཚོས་ཇོ་བོ་སྤྱན་འདྲེན་ལ་ཕྱིན་པའི་ཚེ་ཡང་། རིག་པའི་ཁུ་བྱུག་བཞུགས་པར་རྣམ་ཐར་དང་ལམ་ཡིག་དག་ན་གསལ་བས། དེ་དག་གི་ལོ་གྲངས་བརྩིས་ན་མི་འགྲིགས་པ་ལྟར་སྣང་སྟེ། ཞེས་སོགས་གསུངས་ནས། དེས་ན་ཁོ་བོས་ལུང་རིག་གི་ལེགས་བཤད་སྔར་བཤད་པ་ལྟར། ཀླུ་སྒྲུབ་ཀྱིས་ལོ་དྲུག་བརྒྱ་ལས་ཆེས་ལྷག་པ་ཞིག་བཞུགས་པའམ། ཡང་ན་དག་པའི་སྣང་བ་ཁོ་ནས་ཞལ་མཇལ་བ་གང་རུང་ལས་མ་འདས་པར་ཁས་བླང་པར་བྱ་སྟེ། ཆོས་ཀྱི་རྗེས་སུ་འབྲང་པའི་རྣམ་དཔྱོད་ཀྱི་དཔྱད་པ་ལས་དེ་ཁོ་ན་ལྟར་མཐོང་བའི་ཕྱིར་རོ་ཞེས་གསུངས་པ་དེ་དག་ལ་བརྟགས་ན། སྒྲོན་གསལ་སོགས་ཀྱི་ལུང་དྲངས་ནས། ཟླ་གྲགས་ཀྱི་དངོས་སློབ་ཡིན་པར་བསྒྲུབ་པ་མཛད་པ་ནི་མཁས་པས་དཔྱད་དགོས་པའི་ལེགས་བཤད་དུ་སྣང་ན་ཡང་། དེའི་རྗེས་སུ་ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡིན་ན། རིག་པའི་ཁུ་བྱུག་ཟླ་གྲགས་ཀྱི་ཞབས་ཟིན་ཡིན་པ་དང་། ཇོ་བོ་རྗེ་རིག་པའི་ཁུ་བྱུག་གི་དངོས་སློབ་ཡིན་པ་རྣམས་དུས་མི་འགྲིག་ཚུལ་གསུངས་པ་རྣམས་ལ་དཔྱད་པ་འདི་ལྟར་འཇུག་སྟེ། ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡིན་པའི་ཁ་ཚོན་ནི་མཁས་པའི་དབང་པོ་ཉིད་ཀྱིས་བཅད་ཟིན། ཟླ་གྲགས་ཀྱི་ཞབས་རིག་པའི་ཁུ་བྱུག་གིས་ཟིན་པར་ནི་ཆོས་འབྱུང་དུ་མ་ནས་བཤད་ཅིང་ཡོངས་སུ་གྲགས་པས་འདི་ལ་སྙོན་དུ་མེད་ལ། ཇོ་བོ་ཆེན་པོ་རིག་པའི་ཁུ་བྱུག་གི་སློབ་མ་ཡིན་པར་རྣམ་ཐར་དང་། ནག་ཚོས