[A:༥༤བ]ལོའི་རྒྱུད་ནས་བསྟན་པ་ཡིན་ཏེ། རྒྱུད་དེ་ཉིད་ཀྱི་གླེང་གཞིའི་ལེའུ་ལས། དཔལ་ཧེ་རུ་ཀ་སྐུ་སྐྱེ་བ་མེད་པའི་ངང་ལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པ་སྤྲུལ་པ་ཡང་སྤྲུལ་དང་བཅས་ཏེ་དུར་ཁྲོད་ཆེན་པོའི་གནས་ན་དངོས་གྲུབ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཤྲཱི་བཛྲ་ཡོ་གི་ནི་ཧཱུྃ་ཕཊ྄། ཞེས་གསུངས་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་བརྒྱལ་བར་གྱུར་ཏོ། །བརྒྱལ་བ་སངས་པ་དང་འཁོར་དེ་རྣམས་ཀྱི་ནང་ནས་དཔལ་དུར་ཁྲོད་ཀྱི་བདག་པོ་སྟན་ལས་ལངས་ཏེ། དཔལ་ཆེན་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་པ། ཀྱེ་གདུག་པ་འདུལ་མཛད་ཧེ་རུ་ཀ །བསྐལ་པ་སྙིགས་མ་ལྔ་ཡི་དུས། །གདུག་པ་ཅན་རྣམས་འཁྲུགས་པ་དང་། །ས་བདག་ཀླུ་ཡི་ནད་ཡམས་དར། །མ་མོ་མཁའ་འགྲོ་འཁྲུགས་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང་། །རང་བསགས་དངོས་པོ་སྤྱད་དབང་མེད། །ཕ་དང་བུ་བྲལ་ལོངས་སྤྱོད་ཉམས། །