[A:༥༦ན]པའི་འདོད་དགུའི་གཏེར། །ཞེས་དང་། གཞན་ཡང་། སྲིད་གསུམ་བདག་ཏུ་མཛད་ལ་བསྟོད། །ཅེས་དང་། འཁོར་བ་ནི་ཡོངས་མི་སྤོང་། །མྱ་ངན་ནི་ཡོངས་མི་འདའ། །སྐུ་ཡི་ནི་ཚད་ཆེའང་། །ནམ་མཁའ་ཡི་མཐའ་དང་མཉམ། །རིགས་པས་ནི་གཟུང་དུ་མེད། །ཚད་ཀྱིས་ནི་དཔག་ཏུ་མེད། །སྲིད་པ་ནི་ཀུན་ལ་ཁྱབ། །ཁམས་གསུམ་ནི་དབང་དུ་འདུས། །ཞེས་སོགས་མང་དུ་གསུངས་པས་ངེས་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་བྲལ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། ཀུན་རྫོབ་གདུལ་བྱའི་སྣང་ངོར་འཇིག་རྟེན་འདས་མ་འདས་མ་མོ་མཁའ་འགྲོ་ཀུན་གྱི་གཙོ་མོ་མཛད་ཅིང་། འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་གྱི་དོན་མཛད་ཅིང་འཁོར་འདས་བརྟན་གཡོ་ཀུན་ལ་ཁྱབ་པའི་ཚུལ་དུ་བཞུགས་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གནས་ལུགས་ཡིན་ཏེ། ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པ་ལས། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་