[A:༦༤ན]ཨཱརྻ་དེ་ཝས་ཞུས། དེ་གཉིས་ཆར་ལ་ཤ་ཝ་རི་དབང་ཕྱུག་གིས་ཞུས། དེ་ལ་བྲམ་ཟེ་མཆོག་སྲེད་ཀྱིས་ཞུས་པར་བཤད་པས་དུས་ཤིན་ཏུ་མཚུངས་པ་ཡིན་ནོ། །དེ་ནས་ཡང་བྷེ་དན་གྱི་ཡུལ་དུ་བདེ་མཆོག་གི་སྒྲུབ་པ་ལོ་བཅུ་གཉིས་མཛད་པའི་ཚེ། ལྟེ་ལྐོག་གི་མ་ཡིག་སོགས་དྲེགས་པ་མོ་རྒྱུད་ཀྱི་རྩ་ཡིག་ཏུ་རླུང་སེམས་འདུས་པའི་རྟགས་ལས། ལྷ་མོ་རེ་མ་ཏིས་བར་ཆད་བྱས་ཏེ། བྲམ་ཟེ་ཆེན་པོ་ལག་མཐིལ་དུ་བཞག་ནས་སྒོ་ང་རྩེ་བ་ལྟར་བྱས། དྲེལ་རྟའི་རྒྱབ་ཏུ་བསྐྱོན་ནས་གླིང་བཞི་ལན་གཅིག་བསྐོར། རྣ་བ་གཉིས་ནས་བཟུང་ནས་རི་རབ་ལ་ཡང་ཡང་སྐོར་བ་བྱེད་པ་སོགས་བར་ཆད་མང་པོ་བྱས། དེའི་ཚེ་ཆོས་སྐྱོང་ལ་གསོལ་བ་བཏབ་པས། ནག་པོ་ཆེན་པོ་ཉིད་མངོན་སུམ་དུ་ཞལ་གཟིགས་ཏེ་ལྷ་མོའི་རྐང་པ་ལ་ལྕགས་སྒྲོག་བཅིངས། འགྲམ་པ་ལ་ཐལ་ཅག་གིས་བསྣུན་ཏེ། འདི་ལྟ་བུའི་བསྟན་པ་ལ་གནོད་པ་བྱེད་དམ། དམ་ཤ་ཟའམ་ཟེར་ནས་རེ་མ་ཏི་མྱོས་སུ་བཅུག ངའི་སྲིང་མོ་འདིས་ད་དུང་