[A:༦༤བ]ཁྱོད་ལ་བར་ཆད་བྱེད་པས་འདི་ལྟར་སྒྲུབས་ཤིག་གསུངས་ནས་མགོན་པོའི་སྒྲུབ་ཐབས་གསུམ། བྱེ་བྲག་ཏུ་འཕགས་ཡུལ་དུ་སྔར་མ་གྲགས་པའི་སྦགས་ཏེ་བསྒྲུབ་པའི་མན་ངག་རྣམས་དངོས་སུ་གནང་། གཞན་ཡང་སྒྲུབ་ཐབས་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གནང་ནས། རྟག་ཏུ་མི་འབྲལ་འགྲོགས་པ་ལྟར་གྱུར་ཏོ། །འདིའི་སྐབས་སུ་སྒྲུབ་ཐབས་གསུམ་གྱི་ངོས་འཛིན་ལ། དམ་པས་མཛད་པའི་ལོ་རྒྱུས་ཀྱི་ཡི་གེར། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་མགོན་པོ་གྲི་གུག་མའི་སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་གྱི་གཞུང་ཡོད་པ་དེ་ཡིན་པར་གསུངས། ཡར་ལུང་པ་སེང་གེ་རྒྱལ་མཚན་གྱི་གསུང་བགྲོས་ལ་རྗེ་རྩེ་མོའི་ལོ་རྒྱུས་ཀྱི་ཡི་གེར། དེ་ལ་བོད་དུ་འགྱུར་བ། ལོ་ཙཱ་བ་ཆེན་པོ་ལས་བརྒྱུད་པ། བྲམ་ཟེ་ཆེན་པོས་མཛད་པའི་གཞུང་གཉིས་ཡོད་གསུངས་པ་ལས། ལས་ཁ་ཚར་བ་དེ་བཀའ་ནུབ་ནས་མ་མཐོང་། མཐོང་བ་འདི་གཞུང་ཆུང་དྲག་ཤོས་ཡིན། གཞན་ལས་ཚོགས་དུ་མ་ཞིག་སྙན་བརྒྱུད་ཀྱི་མན་ངག་ཏུ་བྱས་ཏེ་ཁྱེར་བྱོན་ནས་