[A:༨༧བ] ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་འཕེལ་ཞིག་ལུས་སུ་འཇུག་པར་འདུག དེ་ནི་རྗེ་བཙུན་ཆེན་པོ་ནཱ་རོ་པའི་ཕྱག་ནས་ཡོང་ཟེར་བ་རྨིས། མནལ་སད་པ་དང་ཤྲདྡྷ་ཀ་ར་ཝརྨཱ་ལ་ལོ་རྒྱུས་ཞུས་པས། ཤྲདྡྷ་ཀ་རའི་ཞལ་ནས་དེ་ལྟར་ཡིན་ན་རྗེ་བཙུན་ཆེན་པོ་ནཱ་རོ་པའི་དྲུང་དུ་འགྲོ་དགོས། ཁོང་གིས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་ཐབས་ཕྱག་རྒྱ་ཆེན་པོའི་གདམས་ངག་མཁྱེན་པ་ཡིན་གསུངས། དེར་བླ་མས་བཀའི་གནང་བ་བྱུང་བས་དངོས་གྲུབ་ཀྱི་དང་པོ་བླ་མའི་བཀའ་བྱ་བ་ཡིན་ཞིང་། རྨི་ལམ་ཡང་བཟང་བས་བྱང་པུཥྤ་ཧ་རི་མེ་ཏོག་མདངས་འཕྲོག་གི་དགོན་པར་བྱོན་ཏེ། རྗེ་ནཱ་རོ་པ་དང་མཇལ་ནས་བྱིན་རླབས་དང་གདམ་ངག་ཞུ་བར་གསོལ་བ་བཏབ་པས། ལྷན་ཅིག་སྐྱེས་པ་ཟབ་མོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་གདམ་ངག་ཁྱད་པར་ཅན་གྱི་ངོ་སྤྲོད་བྱིན་རླབས་མང་དུ་གནང་ངོ་། །དེ་ནས་གདམས་པ་རྣམས་ཚར་བ་དང་།