[A:༩༠བ]སྐུ་གཅིག་བཞེངས་ནས་པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨས་རབ་གནས་མཛད་དེ་གསེར་སྲང་ལྔ་བརྒྱས་མཉེས་པར་བྱས། པཎྜི་ཏས་གསེར་སྲང་ལྔས་རྟེན་ཞལ་བསྲོ་མཛད། གསེར་སྲང་ལྔ་ལྷ་བཟོ་བའི་ཡོན་ལ་བྱིན། གསེར་སྲང་ལྔས་ལྷ་སྤྱན་འདྲེན་པའི་མི་བཙལ་ཏེ། རྟེན་ཁ་ཆེ་ནས་བོད་ཡུལ་དུ་ཤིང་རྟ་ལ་སྤྱན་དྲངས་ཏེ་ད་ལྟ་ཁ་ཆེ་གོ་ཁར་ན་བཞུགས་སོ། །དེ་ནས་ཁ་ཆེར་སློབ་མ་རྣམས་ཀྱི་མགོ་འདོན་དང་། ཆོས་ཀྱི་འཕྲོ་ཞུ་བ་ལ་ལོ་དྲུག་འགོར་རོ། །དེ་རྗེས་ལྷ་བཟོ་བ་སུམ་ཅུ་རྩ་གསུམ་དང་འགྲོགས་ནས་བོད་ཡུལ་དུ་ཕེབས་པ་དང་། བླ་མ་ཆེན་པོ་ཡེ་ཤེས་འོད་སྙུང་བ་གསན་ནས་ཞལ་མཇལ་དུ་བྱོན་པས། སྙུང་དྲག་པོས་བཏབ་ནས་ཞལ་མ་མཇལ། གདུང་མཆོད་དང་ངན་སོང་སྦྱོང་བ་སོགས་བླ་མ་ལོ་ཙཱ་བས་མཛད། བླ་མ་ཆེན་པོ་ལྷ་ལྡེ་དང་། བླ་ཆེན་བྱང་ཆུབ་སེམས་དཔས་ཡུལ་ཉི་ཤུ་རྩ་གཅིག་ཕུལ་བས་གནས་ཉི་ཤུ་རྩ་གཅིག་བཞེངས་པ་དང་། ཡུལ་ཉི་ཤུ་རྩ་གཅིག་གི་