[A:༩༣བ]ཀྱི་སེལ་དུ་འགྲོ་གསུངས་ནས་མ་བཞེད། ཇོ་བོའི་ཞལ་ནས་ཁོ་བོ་ལ་སྙིང་ཡོད་ཀྱང་ལྕེ་མེད་གསུངས་ནས་ཐུགས་མུག་པ་ལྟར་མཛད་དོ། །དེ་ནས་ནགས་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ལོ་ཙཱ་བྱས་སོ། །དེ་ནས་ལོ་ཆེན་ཉིད་པུ་ཧྲངས་ཀྱི་བཞེངས་ཝེར་དུ་སྐུ་མཚམས་མཛད་དེ། སྒོ་ཕྱི་མ་ལ་དུང་གི་ཡི་གེ་བྲིས་ནས། བདག་ལ་སང་ཕོད་ད་བར་དུ་ཉོན་མོངས་པ་སྐད་ཅིག་ཙམ་སྐྱེས་ན་མཁའ་འགྲོ་མས་ཆད་པ་ཆོད་ཅིག་ཅེས་བྲིས། སྒོ་བར་མ་ལ་དངུལ་གྱི་ཡི་གེ་བྲིས་ཏེ། བདག་ལ་སང་ཕོད་ད་བར་དུ་བྱང་ཆུབ་ཀྱི་སེམས་དང་སྐད་ཅིག་ཙམ་ཡང་བྲལ་ན་མཁའ་འགྲོ་མས་ཆད་པ་ཆོད་ཅིག་ཅེས་བྲིས། ལྷ་ཁང་གི་ནང་ལོགས་སུ་གསེར་གྱི་ཡི་གེ་བྲིས་ཏེ། བདག་ལ་སང་ཕོད་ད་བར་དུ་ལུང་མ་བསྟན་པའི་སེམས་སྐད་ཅིག་ཀྱང་སྐྱེས་ན་མཁའ་འགྲོ་མས་ཆད་པ་ཆོད་ཅིག་ཅེས་བྲིས་ནས། དེ་ལྟར་རྒྱ་རིམ་པ་གསུམ་ལ་དམ་བཅས་ཏེ་ཐུགས་དམ་རྩེ་གཅིག་ཏུ་