[A:༡༢བ]ཚོམ་མི་བྱ་སྟེ། །ཞེས་སོགས་རྒྱས་པར་གསུངས་སོ། །གཉིས་པ་བྱེ་བྲག་ཏུ་ནག་པོ་ཆེན་པོ་འདིའི་ཆོས་སྐོར་བྱུང་ཚུལ་ལ་དྲུག་སྟེ། སྔོན་བྱུང་གི་ལོ་རྒྱུས། རྒྱུད་ནས་བསྟན་ཚུལ། འཕགས་ཡུལ་རྒྱ་གར་དུ་བཤད་སྲོལ་བྱུང་ཚུལ། བོད་ཁ་བ་ཅན་གྱི་ཡུལ་དུ་དར་ཚུལ། ཁྱད་པར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་ཚུལ། དེ་ལས་སྙིང་པོར་གྱུར་པའི་ལམ་སྲོལ་ངེས་བཟུང་སྟེ་བཤད་པའོ། །དང་པོ་ལ་གསུམ་སྟེ། མགོན་པོའི་ལོ་རྒྱུས། ལྷ་མོའི་ལོ་རྒྱུས། ལས་མཁན་གྱི་ལོ་རྒྱུས་སོ། །དང་པོ་ནི། སྔོན་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་བསྟན་པ་ལ་རི་མོ་མཁན་གྱི་རིགས་ལས་བྱུང་བའི་དགེ་སློང་བདེ་བའི་འཁོར་ལོ་ཞེས་བྱ་བ་ཁ་དོག་ནག་ཅིང་ཡིད་གཏུམ་པ་བདེན་པ་བཞིའི་བསླབ་པ་ལ་གནས་པ་ཞིག་དེ་བཞིན་གཤེགས་པ་དེའི་ཉེ་འཁོར་དུ་བྱུང་། དེ་ཡང་མངོན་པར་ཤེས་པ་ཅུང་ཟད་དང་ལྡན་པས་བདག་ནི་མངོན་པར་ཤེས་པ་དང་ལྡན་པའོ་སྙམ་དུ་