[A:༡༥༣བ]གི་གདམ་ངག་ལ་མཁས་ཤིང་། དེའི་སྤྲུལ་པར་ཡང་གྲགས་པ་ཞིག་ཡོད་འདུག་པ་དེ་ཅན་སོང་ཟེར་བས་ཁམས་འདུས་པར་སོང་བས། རྒྱགས་དང་གོ་ལག་ཅི་ཡང་མེད་པར་དེ་ཀ་ལ་ཟེངས་སོང་བས། སྐྱིད་གྲོང་དུ་སླེབ་སླེབ་གྲང་བའང་མ་ཚོར། དེར་མི་རིམས་ནད་ཀྱིས་ཤི་བའི་ར་ཅོག་གཅིག་གྱོན་ནས། ན་ལ་རྩེར་བླ་ཆེན་བཞུགས་པར་སང་ཉིན་སླེབ་པའི་དོ་ནུབ། བླ་ཆེན་གྱིས་ཀྱང་ཐུགས་མཁྱེན་གྱིས་དགོངས་ནས། ཉེ་གནས་ལ་སང་ཉིན་སུ་བྱུང་བ་དེ་ཐོངས་ཤིག་གསུངས་པས། གཞན་ནི་མ་བྱུང་། མི་སྨྱོ་བ་འདྲ་བ་ཞིག་བྱུང་ནས། ང་བླ་ཆེན་ལ་མཇལ་ཟེར། ད་ལྟ་སྐུ་མཚམས་ལ་བཞུགས་ཡོད་མི་མཇལ་བྱས་པས། གཞན་དང་མི་མཇལ་ཡང་། ང་དང་མཇལ་བ་ཞིག་ཡིན་གྱིས་དང་ཟེར། སྒོ་སྲུང་པ་བརྡུངས་ནས་ནང་དུ་ཞུགས་ཉེ་གནས་ཀྱིས་སྒོ་མནན་པས། བླ་ཆེན་གྱིས་ཐོངས་གསུངས། དྲུང་དུ་སླེབས་པ་ན། ཁྱེད་བླ་མ་ས་སྐྱ་པ་ཆེན་པོ་ཡིན་ནམ་ཟེར། ཡིན་གསུངས་པས།