[A:༡༥༨ན]ཉི་ཟླ་ལྟར་གྲགས་པ་མཁས་ཤིང་གྲུབ་པ་བརྙེས་པའི་གང་ཟག་བགྲང་བ་ལས་འདས་པ་འདུས་པའི་སྐྱེད་ཚལ། ཆོས་དང་ཟང་ཟིང་གི་དཔལ་འབྱོར་འགྲན་ཟླ་དང་བྲལ་བའི་གནས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོ་ཐོག་མར་བཏབ་པ་ཡིན་ནོ། །འདི་ནས་བཟུང་སྟེ་དཔལ་ལྡན་ས་སྐྱའི་གདུང་བརྒྱུད་ཅེས་ཉི་ཟླ་ལྟར་གྲགས་སོ། །དེ་ལྟ་བུའི་བླ་མ་དེས་དགུང་ལོ་བཞི་བཅུ་པ་ནས་རེ་དགུའི་བར་ལོ་སུམ་ཅུ་ཐམ་པ་གདན་ས་མཛད། གདུལ་བྱ་དཔག་མེད་སྨིན་གྲོལ་ལ་བཀོད་ནས། རེ་དགུ་པ་ལྕགས་ཕོ་རྟའི་དབྱུག་གུ་ཟླ་བའི་ཚེས་བཅུ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ས་སྐྱ་ཉིད་དུ་བདེ་བར་གཤེགས་སོ། །བླ་མ་དེའི་ཇོ་མོ་རྡོ་རྗེ་ཕྱུག་མོ་ལ་སྲས་ཡེ་མ་བྱུང་བའི་ངང་ནས་དགུང་ལོ་ང་དགུ་བཞེས་པའི་དུས་སུ། བླ་མ་གནམ་ཁའུ་པས་ཐབས་ལེགས་ཀྱིས་ཉོ་ཆང་དང་ཞག་ས་འཚོལ་དུ་བཅུག་ནས། མཁའ་འགྲོ་མའི་རྣམ་རོལ་གུ་ར་མ་ཇོ་མོ་ཞང་མོའི་སར་ཞག་གཅིག་བཞུགས་པས་སྲས་གཅིག་