[A:༡༥༧བ]འདྲ་བའི་མཁལ་ཁུང་གཡས་པའི་ཐད་ན་ས་དཀར་ཞིང་སྣུམ་པ་ཆུ་གཡས་སུ་འབབ་པ་ལ་སོགས་པ་བཀྲ་ཤིས་བའི་དགེ་མཚན་དུ་མ་དང་ལྡན་པ་གཟིགས་ནས་འདིར་དགོན་པ་གཅིག་བཏབ་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་འབྱུང་བར་དགོངས་ཏེ། དེ་སྐོར་གྱི་ས་ཆ་སྤྱིའི་བདག་པོ་ཇོ་བོ་གདོང་ནག་པ་ལ་ཞུས་པས་ཀྱང་གནང་། སྒོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་དང་བན་དྷེ་གྲོང་བཞི་ལྷ་ཡི་གྲོང་བདུན་བྱ་བ་ཡོད་པ་ལ། ང་འདིར་དགོན་ཆུང་གཅིག་བྱེད་འདོད་པས། ཁྱེད་རྣམས་ལ་འགལ་བ་མི་ཡོང་ན། ཁྱེད་རྣམས་ལ་རིན་གཅིག་ཀྱང་འཇལ་གསུངས་པས། རིན་ཡེ་མི་འཚལ་ཅིས་ཀྱང་མཛད་པར་ཞུ་ཟེར། འོན་ཀྱང་ཕྱི་རབས་ཚུན་ཆད་ལ་འཐད་གསུངས་ནས། རྒོད་མ་དཀར་མོ་གཅིག ནོར་བུའི་འཕྲེང་བ། མོ་གོས་གཅིག་ལ་སོགས་པ་གནང་ནས། མོན་གྲོག་མན་འབལ་གྲོག་ཡན་བླ་མ་བདག་པར་བྱས། བླ་མ་འདིའི་དགུང་ལོ་བཞི་བཅུ་བཞེས་པ་བག་ཡོད་ཅེས་བྱ་བ་ཆུ་མོ་གླང་གི་ལོ། འཛམ་གླིང་ན་