[A:༡༦༢ན]ཁྱད་པར་ཅན་གྱི་ཉམས་དང་མི་འབྲལ། ཁྱད་པར་རིམ་གཉིས་ཀྱི་རྣལ་འབྱོར་མཐར་སོན། ཡི་དམ་དང་བླ་མ་ཞི་བར་གཤེགས་པ་ཀུན་མནལ་ལམ་དང་མངོན་སུམ་ཅི་རིགས་པར་བྱོན་ནས་ཆོས་གསུངས། ཐེ་ཚོམ་གཅོད། ཡང་སྒོས་རྣལ་འབྱོར་དབང་ཕྱུག་བིརྺ་པས་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ལ་སོགས་རྒྱུད་ལུང་མན་ངག་མཐའ་ཡས་པ་དངོས་སུ་འདོམས་པར་མཛད་དོ། །ལྷག་པ་ཤེས་རབ་ནི། གསུང་རབ་མཐའ་དག་གི་ཚིག་དང་དོན་ལ་ཆགས་ཐོགས་ཅུང་ཟད་ཀྱང་མི་མངའ་ཞིང་། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་མཐའ་དག་མྱུར་དུ་གཅོད་ནུས་པའི་ཡང་དག་པའི་ངེས་པ་བརྟན་པོ་དང་ལྡན་ཞིང་། ཆོས་གསུངས་པ་ཐམས་ཅད་ཀྱང་ཐུགས་ནས་གསུངས། ཇི་ལྟ་ཇི་སྙེད་ལ་གཟིགས་པ་རྣམ་པར་དག ནང་ན་རྟོགས་པ་ཁྱད་པར་ཅན་མངའ་བ་ལྟར། ཕྱི་རོལ་དུ་གྲུབ་པའི་རྟགས་བསྟན་པ་ཡང་། གཞན་དོན་མཛད་དུས་ཉིན་གཅིག་ལ་སྐུ་ལུས་དྲུག་སྤྲུལ་ཏེ། ས་སྐྱ། མངའ་རིས་