[A:༡༦༣བ]སྙན་པའི་གྲགས་པ་ཡང་དིང་སང་བོད་ན་དཔལ་ལྡན་བིརྺ་པའི་སྤྲུལ་པ་ཞིག་གིས་བསྟན་པ་རིན་པོ་ཆེ་ལ་བྱ་བ་ཁྱད་པར་ཅན་བྱེད་དོ་ཞེས་རྒྱ་གར་ཤར་ནུབ་ཚུན་ཆད་དུ་གྲགས་སོ། །བརྒྱུད་པ་ཕྱི་མ་རྣམས་ལ་ཕྱག་རྗེས་ཀྱི་བཀའ་དྲིན་ཡང་བླ་མ་འདི་རང་ཆེ་བར་མཁས་པ་རྣམས་བཞེད་དེ། དེའི་རྒྱུ་མཚན་མལ་ལོ་ཙཱ་བ་ནས། རྡོ་རྗེ་གདན་གྱི་སྒོ་སྲུང་བསེ་འབག་ནག་པོ་འཕུར་ཤེས་སོགས་དང་། གནམ་ཁའུ་པ་ལ་ཞལ་བཞི་པ་ལེགས་པར་ཞུས་ཏེ། རྗེས་འཇུག་རྣམས་ཀྱང་ཆོས་སྐྱོང་འགྲན་བྲལ་དུ་ཀུན་གྱིས་འཛིན་པ་འདི་བྱུང་བའི་ཕྱིར་རོ། །ཞེས་གསུངས་པ་ནི་ཤིན་ཏུ་འཐད་པར་མཐོང་ངོ་། །དེ་ལྟ་བུའི་བླ་མ་དེས་དགུང་ལོ་ཉི་ཤུ་པ་ནས་རེ་བདུན་གྱི་བར་ཞེ་བདུན་གདན་ས་མཛད་ནས། ས་ཕོ་སྟག་གི་ལོ་དབྱུག་གུའི་བཅུ་བཞི་ལ་སྐྱ་བོ་ཁ་གདངས་སུ་ངོ་མཚར་བའི་ལྟས་དཔག་མེད་དང་བཅས་ཏེ་ཞི་བར་གཤེགས་སོ། །དེ་ལྟ་བུའི་བླ་ཆེན་དེ་ཉིད་ཀྱིས་བསྟན་སྲུང་དབང་པོ་རྣམས་ཀྱི་ཆོས་སྐོར་མཐའ་དག རང་གི་སྲས་རྗེ་བཙུན་