[A:༡༦༦བ]ཏེ་མཉེས་པར་བྱས། སློབ་དཔོན་ཆ་པའི་སློབ་མ་ཆེ་བར་གྲགས་པ། སེང་ཆེན་བརྒྱད། སེང་འདྲ་བརྒྱད། ཇོ་སྲས་བཞི་ཞེས་བྱ་བ་ལ་སོགས་པ་ཡོད་པ་ལ། ཇོ་སྲས་བཞི་ནི། འཁོན་ཇོ་སྲས་རྩེ་མོ། ཁུ་ཇོ་སྲས་ནེ་ཙོ། རྔོག་ཇོ་སྲས་ར་མོ། གཉོས་ཇོ་སྲས་འོད་མ་དང་བཞི་ཞེས་གྲགས་པའི་ནང་ནས་མཆོག་ཏུ་གྱུར་པ་འཁོན་ཇོ་སྲས་རྩེ་མོ་ཞེས་ཡོངས་སུ་གྲགས་སོ། །དེ་ནས་དགུང་ལོ་ཉེར་དྲུག་བཞེས་པའི་ཚེ། མེ་མོ་ཕག་གི་ལོ་ལ་ན་ལ་རྩེ་གནས་པོ་ཆེའི་གཙུག་ལག་ཁང་དུ་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད་དེ། དེའི་ནང་དུ་བསྟན་པའི་རྩིས་ཀྱི་རྣམ་པར་གཞག་པ་སྐྱོན་ཐམས་ཅད་དང་བྲལ་བ་ཡང་མཛད་ཡོད་དོ། །དེ་ལྟར་ཐོས་པ་མཐར་ཕྱིན་པས་དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པའི་ཚེ། འཛམ་བུའི་གླིང་གི་བསྟན་པའི་སྲོག་ཤིང་ཆེན་པོ་ཡིན་ནོ་ཞེས་ཡོངས་སུ་གྲགས་སོ། །གསུམ་པ་ཉེར་བརྒྱད་ཡན་ཆད་ཀྱི་རྣམ་པར་ཐར་པ་ལ་བཞི། རྣམ་