[A:༡༦༨ན]ཁྱོད་ལ་འདུད། །ཅེས་པ་སྟེ། སྐུའི་ཀུན་སྤྱོད་ཉེས་པའི་དྲི་མ་དང་བྲལ། གསུང་གི་བརྗོད་པ་ལོག་སྨྲའི་དྲི་མ་དང་བྲལ། ཐུགས་ཀྱི་རང་བཞིན་སྤྲོས་པའི་དྲི་མ་དང་བྲལ་ཏེ། སྐུ་ལེགས་པར་སྤྱོད་པ་དང་ལྡན། གསུང་བདེན་དོན་གསུང་བ་དང་ལྡན། ཐུགས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་ལྡན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །བཞི་པ་དོན་གཉིས་ཀྱི་མཛད་པ་ཕུན་སུམ་ཚོགས་པ་ནི། གཡེངས་པ་མེད་པར་འཆད་རྩོད་རྩོམ་པ་དང་། །རིམ་གཉིས་རྣལ་འབྱོར་རྒྱུན་ཆད་མེད་པ་ཡིས། །རྗེས་ཐོབ་སྒྱུ་མར་གཟིགས་ནས་སེམས་ཅན་ལ། །སྦྱིན་པ་རྣམ་བཞིས་ཚིམ་མཛད་ཁྱོད་ལ་འདུད། །ཅེས་སོ། །བཞི་པ་ཁྱད་པར་དུ་ས་ལམ་ཇི་ལྟར་བརྙེས་པའི་ཚུལ་ནི། པོ་ཏ་ལ་དང་དཔལ་རི་ཨུ་རྒྱན་སོགས། །ཉིན་ཕྱེད་ཙམ་གྱིས་ལེགས་འཁོར་མཁའ་འགྲོ་དང་། །དཔའ་བོའི་ཚོགས་དང་སྤྱོད་པའི་བརྟུལ་ཞུགས་སྤྱད། །རྣམ་འཕྲུལ་དུ་མས་ཉེ་གནས་ཡིད་རང་འདུད། །ཅེས་