[A:༡༦༩ན]སློབ་དཔོན་ཉིད་ཐ་དད་པ་མེད་པར་བསྟན་པས་དེར་བསྡུས་ཏེ་ལོགས་སུ་མ་བགྲངས་པ་ཡིན་ནོ། །གཉིས་པ་ཁྱད་པར་དུ་རྗེ་བཙུན་རང་ཉིད་ལ་བསྟན་ཚུལ་ནི། དབང་དུས་དཀྱིལ་འཁོར་གཙོ་དང་དབྱེར་མེད་པས། །ཟབ་མོའི་དོན་གསུངས་གནས་དང་མཁའ་ཀུན་ལ། །འོད་དང་འོད་ཟེར་རོལ་མོའི་སྒྲ་བསྒྲགས་ནས། །བདག་ཡིད་ཏིང་འཛིན་སྒོ་མང་འབྱེད་ལ་འདུད། །ཅེས་པ་སྟེ། དབང་གི་དུས་སུ་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོ་ཞིང་། ལྷའི་རོལ་མོའི་སྒྲ་དབྱངས་བསམ་གྱིས་མི་ཁྱབ་པ་སོགས་མཆོད་པའི་སྤྲིན་གཞལ་གྱིས་མི་ལང་བ་དང་བཅས་པའི་དབུས་ན་བཞུགས་པའི་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་བསྟན་ཏེ། དཀྱིལ་འཁོར་དེ་ཉིད་དུ་དབང་བསྐུར་ཅིང་ཟབ་མོའི་དོན་བསྟན་ནས། ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་འབྱེད་པར་མཛད་དོ། །གཞན་ཡང་། རྡོ་རྗེ་འཆང་དང་འཇམ་མགོན་དབྱེར་མེད་པ། །བླ་མ་མཆོག་དང་དམ་པ་ཁྱོད་ཉིད་ལ། །ཁྱད་པར་འགའ་