[A:༡༩༠བ]ན་ཡོད་པ་ལ། ཕྱིས་དཔོན་ཆེན་ཨག་ལེན་གྱིས་ཁུར་ནས་མགོ་ལྷ་ས་རྫོང་ལ་ཡོད་པ། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་གྱི་མཐུ་རྩལ་གྱིས། ལྷ་ས་རྫོང་པ་གཏན་བརླག་ཏུ་སོང་པ་ནས་ད་ལྟ་མགོ་ག་ན་ཡོད་མི་སྣང་། སྙིང་ཐུག་གཟུང་ལ་བཙུགས་པ་དེ་ཀ་མ་ཉམས་པ་ད་ལྟ་སྣ་དཀར་རྩེ་ན་ཡོད་ཟེར་བ་བཞིན། ཁོ་བོས་དབུས་ཕྱོགས་ལ་གནས་མཇལ་ལ་ཕྱིན་སྐབས་དངོས་སུ་མཐོང་ཞིང་། དེ་ནས་འབྲི་ཁུང་པ་གཏན་བརླག་ལ་གཏོང་བའི་བཀའ་བཀྱོན་གནང་རྒྱུ་ཡིན་པ་ལ། འཕགས་པའི་ཉེ་གནས་ཆེན་པོ་རིན་ཆེན་སྟོན་ཚུལ་ལ་སྐུ་ངོ་ཞུས། འཕན་ནག་ཏུ་གྲགས་པའི་འཕན་ཁྱད་པར་ཅན་དེ་ཉིད་ཀྱིས་གཙོས་པའི་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱས་པ་ལ་བརྟེན། འབྲི་ཁུང་པ་ནག་ལས་ཐར་བ་བྱས། དེ་ལྟ་བུའི་ནག་ལས་ཐར་བའི་འབུལ་བའི་གཙོ་བོ་ཡིན་པས་འཕན་ནག་ཏུ་གྲགས། རིན་ཆེན་སྟོན་ཚུལ་གྱིས་དོ་དམ་བྱས་ཕུལ་བས་རིན་ཆེན་སྟོན་ཚུལ་གྱིས་ཕུལ་