[A:༡༩༦བ]ཡོན་ཏན་ཕུལ་དུ་བྱུང་བས་དགུང་ལོ་བཅུ་གཉིས་པ་ལ་གོང་མ་རྒྱལ་པོའི་ཏི་ཤྲཱི་མཛད། དགུང་ལོ་ཉེར་དྲུག་པ་ལ་བླ་མ་བདག་ཉིད་ཆེན་པོ་སྐུ་གཤེགས་རྗེས་སུ་གཅུང་རྣམས་ལ་བླ་བྲང་ཁང་བཞི་སོ་སོར་བགོས་ཏེ་གནང་། དེ་ལའང་མཁས་བཙུན་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྟེ་སྐུ་མཆེད་གཉིས་ལ་ཤེལ་གྱི་དམ་ག་དང་བཞི་ཐོག་བླ་བྲང་གནང་། འདི་དག་གི་གདུང་བརྒྱུད་རྣམས་ལ་དང་པོ་བཞི་ཐོག་བླ་བྲང་པ་ཟེར་ཏེ། བདག་ཆེན་བློ་གྲོས་དབང་ཕྱུག་པ་ཡན་གྱི་གདུང་བརྒྱུད་རྫོགས་ནས་དིང་སང་མི་བཞུགས། ཏི་ཤྲཱི་ཀུན་དགའ་ལེགས་པའི་འབྱུང་གནས་དཔལ་བཟང་པོ་དང་། དེའི་གཅུང་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་ལ་གསེར་གྱི་དམ་ག་དང་ལྷ་ཁང་ཆེན་མོ་གནང་། འདི་དག་གི་བརྒྱུད་པ་ལ་དང་པོ་ལྷ་ཁང་བླ་བྲང་བ་ཟེར། ཕྱིས་ལ་སྟོད་གཅུང་དང་། ཁམས་ཕྱོགས་ན་བཞུགས་པའི་བདག་