[A:༣༠ན] དུས་སུ་ཆོས་རྗེའང་དེར་བྱོན། ཆོས་སྐྱོང་ལ་གཏང་རག་བཏང་། མགོན་གཡག་རྣམས་ཀྱང་དེར་བླངས་དུས་སུ་མགོན་གཡག་རྣམས་དྲུང་པ་རྣམ་གཉིས་ཀྱི་དྲུང་དུ་སྦྲ་ནང་དུ་ཡོང་ནས་སྣ་སྣོམས། ལྕེས་ལྡག་པ་རྣམས་བྱེད་པ་བྱུང་གསུངས། དེས་ན་བླ་མ་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་འདི་ཉིད་ཀྱི་བརྒྱུད་པ་དང་བཅས་པ་རྣམས་ཀྱི་རྗེ་ས་སྐྱ་པ་རྣམས་ཀྱིས་ཐུགས་སྲས་གོ་ཆོད་ཁོ་ན་རིམ་པར་མཛད་པས། ཆོས་ཀྱི་རྗེ་པས་ཀྱང་ཁའུ་སྐྱེད་ལྷས་སུ་ཆོས་སྐྱོང་གི་བཀའ་བསྒོའང་གསན་ཅིང་ཐུགས་སྲས་མཆོག་ཏུའང་མཛད་དོ། །དེས་ན་རྗེ་འདི་གལ་ཆེ་བའི་འཕྲིན་ལས་འཆོལ་དགོས་པ་བྱུང་བ་ཕལ་ཆེར་ཐོགས་པ་མེད་པར་འགྲུབ་པ་དང་། ཆོས་སྐྱོང་ལ་ཐུགས་མཆེས་པའི་ཆ་ནས་ཡི་དམ་གྱི་ལྷ་དང་དབྱེར་མེད་པ་ལྟ་བུའི་དད་གུས་མཛད། ཁྱད་པར་ཆོས་སྐྱོང་སོ་སོའི་རྗེས་གནང་ཞུས་པའི་ཚེ། ཁོ་པ་རང་ལ་དྲིས་ལ་བྱ་ཡི་གསུངས་པའི་ནངས་པར། འདི་སྐད་བྱུང་གསུངས་ནས་རྗེས་གནང་ཡོང་མི་ཡོང་གི་འཐང་ཕྱེད་པ་སོགས་ཡོང་བ་བུ་སློབ་