[A:༣༣ན] འབྲིང་ཚམ་གྱི་མདོ་ཁྲར་ཕྱིན་པ་འཁོར་ནས་ཕྱི་རེས་ཁའུ་སྐྱེད་ལྷས་སུ་ཡོང་པ་ན། བསུ་བ་བྱེད་པ་ལ་སོགས་པ་དགའ་བའི་རྣམ་འགྱུར་མང་པོ་སྟོན་གྱིན་འདུག་པས། དེ་ཕྱིན་ཚེས་བརྒྱད་གཏོར་མ་ཡང་མ་ཆག་པར་བྱིན་གསུངས་ཤིང་། ཡང་རྗེ་ཉིད་ངམ་རིང་ན་བཞུགས་པའི་དུས་ཉིད་ཀྱི་ཐུགས་སྲས་ཀྱི་ཐུ་བོ་ཆོས་རྗེ་རིན་པོ་ཆེ་ཨ་ནནྡ་པའི་དྲུང་ནས་ཤེལ་དཀར་དུ་བཞུགས་པ་སྙུང་དུ་བྱུང་པའི་སྐུ་རིམ་གཏོར་སྒྲུབ་ཅིག་མཛད་པའི་དུས་མཆོད་གཡོག་པ་རྣམས་གཏོར་མ་སྐྱོང་དུ་སོང་། རྗེ་ཉིད་གཟིམ་ཁང་ན་བཞུགས་པ་ཅུང་ཟད་མནལ་དུ་སོང་པ་ན། ཨ་ཙ་ར་ནག་པོ་རས་ཀྱི་ཐོད་བཅིངས་པ་གཅིག་བྱུང་། ཁྱོད་སུ་ཡིན་གསུངས་པས། ཙ་ཏུརྨུ་ཁ་ཡིན་ཟེར། གང་ནས་ཡོང་གསུངས་པས། ད་ལྟ་རང་ཤེལ་དཀར་ནས་ཡོང་ཟེར། འོ་ན་ཆོས་རྗེ་ཨ་ནནྡ་པ་སྙུང་བ་ཇི་འདྲ་ཡོད་གསུངས་པས། ཁོ་ཀ་ན་ཟེར་སེམས་ཁྲལ་ཆེ་ཆེ་ལྟར་འདུག ད་ཇི་འདྲ་ཡོང་འདྲི་དགོས་སྙམ་ཙ་ན་མཆོད་གཡོག་པ་རྣམས་