[A:༣༤ན] ནག་པོ་མི་རྐང་གི་གླིང་བུ་ཐོགས་པ་ཞིག་བྱུང་ནས། མཁའ་འགྲོ་མ་དེ་རྣམས་ཕྱོགས་བཅུར་བསྐྲད་ནས་དྲུང་དུ་བྱུང་སྟེ། རྣལ་འབྱོར་པའི་ཨ་མའི་དད་ཀ་ལ། ད་ལན་ངས་བཟློགས་ཡོད་དོ་ཟེར། ཁྱོད་སུ་ཡིན་གསུངས་པས། ཙ་ཏུརྨུ་ཁ་ཡིན་ཟེར་བ་དང་མནལ་སད་འདུག སང་ཉིན་སྐུ་རིམ་གཏོར་སྒྲུབ་པ་རྣམས་ལ་མདང་རྨི་ལམ་འདི་བཞིན་བྱུང་། མགོན་པོ་ཆུང་བ་ལ་བསྐང་གསོ་དང་གཏོར་མ་རྒྱས་པར་ཕུལ་ཅིག་གསུངས། དེས་ན་རླུང་ལྟས་དང་ཐུགས་དམ་གྱི་ལྟས་དེ་ལྟར་བྱུང་ནས་ཀྱང་། ཞིང་འདིར་འགྲོ་བའི་དོན་དུ་ཡུན་རིང་པོའི་བར་བཞུགས་པ་ནི་གཉན་མགོན་ཆེན་པོ་ཞལ་བཞི་པས་སྐུ་ཚེའི་བར་ཆད་བཟློགས་པའི་རྨད་དུ་བྱུང་བའི་རྣམ་ཐར་དུ་སྣང་ཞིང་། ཡང་རྗེ་འདིས་དགུང་ལོ་བཅུ་དྲུག་ལོན་དུས་སློབ་དཔོན་རྩེ་མོའི་སམྦུ་ཊའི་ཊཱིཀ་ཆེན་ཐུགས་འཛིན་གནང་བའི་ཚེ། ནུབ་མང་པོའི་བར་དུ་བུད་མེད་དཀར་མོ་རས་དཀར་གྱི་གོས་གྱོན་ཞིང་། རས་དཀར་གྱི་ཐོད་བཅིངས་པ་ཞིག་གཟིམ་མལ་གྱི་འཁྲིས་སུ་