[A:༣༤བ] ཉལ་ནས། ཐོ་རངས་ཁར་སོང་བ་ན་ཕུག་རོན་རེར་བྱས་ཀྱིས་འཕུར་འགྲོ་བ་ཞག་ཡང་ཡང་མནལ་ལམ་དུ་བྱུང་བ་ན། ཐེག་ཆེན་རིན་པོ་ཆེའི་དྲུང་དུ་འདི་བཞིན་བྱུང་བ་ཇི་ལྟར་ཡིན་ཞུས་པས། དེ་ནི་ཊཱིཀྐ་འདིའི་ཆོས་བདག་ཏུ་དཀར་མོ་ཉི་ཟླ་བསྐོས་ཡོད་པས་དེའི་རྟེན་འབྲེལ་ཡིན། ཊཱིཀ་ཆེན་འདི་ལ་ཐོས་བསམ་བྱེད་པ་རྣམས་ལ་དཀར་མོ་ཉི་ཟླས་གྲོགས་བྱེད་པའི་ལོ་རྒྱུས་མང་པོ་ཡོད་གསུངས་ཤིང་། མདོར་ན་དེ་ནས་བཟུང་སྟེ་སྐུ་དང་གྲིབ་མ་ལྟར་དུ་འགྲོགས་པར་སྣང་ལ། གཞན་ཡང་རྗེ་ཉིད་སྐུ་ན་ཕྲ་མོའི་དུས་སུ་པུ་ཏྲ་ཡང་ཡང་གཟིགས་པ་དང་། ཕྱོགས་གཞན་དུ་འབྱོན་པའི་ཚེ་ཡང་། ཞག་ཤས་ཀྱི་སྔོན་ལ་པུ་ཏྲ་བྱོན་ནས་གཟིམ་ཁང་འཆག་པ་སོགས་བྱེད་པ་རྩ་གསལ་དུ་མས་མཐོང་བའི་ལོ་རྒྱུས་ཡོད་ཅིང་། ཡང་ངམ་རིང་དུ་བཞུགས་དུས་ཤིག་སྲོད་ལ་གཏོར་བསྔོ་མཛད་པའི་ཚེ། ཞབས་དྲུང་ན་གནས་པ་ཀུན་ལ། རྗེའི་གསུང་གིས་ཁྱེད་ཚོས་ཨེ་མཐོང་། ད་ལྟ་དུར་ཁྲོད་བདག་པོ་བྱོན་ནས་ཀ་གདོང་འདི་ན་གར་མཛད་ཀྱིན་འདུག་