[A:༤༨བ] རྒྱུད་བདག་ཆེན་རྒྱ་གར་བ། ཞྭ་དམར་བ་སྤྲུལ་སྐུ་ཆོས་ཀྱི་གྲགས་པ། པཎ་ཆེན་ནགས་ཀྱི་རིན་ཆེན། མཁན་ཆེན་ཁྲོམ་ཡོན་པ། མཁན་ཆེན་བྱ་བརྩོན་པ་ལ་སོགས་པའི་མཁས་གྲུབ་མང་དུ་ཡོད། གཞན་ཡང་བཀའ་ལུང་རྣམ་དག་འདུག་ན་གང་ཟག་རང་ག་བ་ཡིན་ཀྱང་། མཁས་པའི་ཁེངས་པ་མི་མཛད་པར་བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ནས་གུས་པ་དང་བཅས་ཏེ་གསན་པར་མཛད་དོ། །དེ་ལྟར་ན་བདག་ཉིད་ཆེན་པོ་འདི་ནི་མདོ་སྔགས་ཐམས་ཅད་ཀྱི་བདག་པོ་ཡིན་ཡང་། དིང་སང་རྡོ་རྗེ་ཐེག་པའི་བསྟན་པ་ལ་དགོངས་ནས་སྤྱིར་གསང་སྔགས་གསར་རྙིང་ཐམས་ཅད་དང་། ཁྱད་པར་དཔལ་ས་སྐྱ་པའི་བསྟན་པ་རྡོ་རྗེ་ཐེག་པའི་སྐད་དུ་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ལྟར་གྱུར་ཏེ་ས་སྐྱ་འཁོན་གྱི་གདུང་རྒྱུད་ཀྱིས་གཙོ་མཛད། བོད་དབུས་གཙང་གི་བླ་མ་དགེ་བའི་བཤེས་གཉེན་མཁས་གྲུབ་རྣམས་ལ་ཆོས་ཀྱི་འཁོར་ལོ་ཉིན་མཚན་ཁོར་ཡུག་ཏུ་བསྐོར་བར་མཛད་པས། བུ་སློབ་བསྟན་འཛིན་གྱི་