[A:༥༢བ] གཟན་གྱི་ཐུལ་པ་གྱོན་པ་མང་པོ་ན་ལ་བྱུང་བ་ལ་ཐུགས་འཇིགས་པའི་རྣམ་པས་ནམ་མཁའ་ལ་འཕུར་ཏེ། མགོན་ཁང་གི་མདུན་ངོས་ཀྱི་ནམ་མཁའ་ལ་ཕེབས་པ་ན། མགོན་ཁང་གི་སྟེང་གི་སེང་ཕུག་གི་ཐད་ནས་མགུལ་ཡན་ཆད་ཐོན་པའི་ཞལ་བཞི་ཡོངས་སུ་རྫོགས་པ་ནམ་མཁའི་མདོག་ལྟ་བུ་འཛུམ་ཞིང་ཁྲོ་བ་སྤྱན་རེ་རེ་ལའང་ཉི་མ་བྱེ་བའི་འོད་ཙམ་འཕྲོ་བས་མིག་གིས་བལྟ་བར་མི་བཟོད་པ་ཞིག་འདུག་གསུངས། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དྲུང་དུ་བདག་ཆེན་ཞྭ་ལུ་བ་ནས་བརྒྱུད་པའི་དཔལ་མགོན་ཆེན་པོའི་ཆོས་སྐོར་འགའ་གསན་པའི་ཚེ། རྗེ་འདིའི་སྐུ་ཞབས་སུ་བྲམ་ཟེ་མདོག་སྔོ་བསངས་རས་ཡུག་སྔོན་པོའི་ལྡིང་གོན་བྱས་པ་ཞིག་གློ་བུར་དུ་ཡུད་ཀྱིས་བྱུང་བ་གཟིགས་འཕྲལ་ཐུགས་ཉམས་འུར་བ་དང་། ཆོས་རྗེ་པ་གསུང་ཆོས་གནང་འཕྲོ་བཞག་ནས་དཔལ་མགོན་གྱི་སྔགས་འདོན་ཅིང་བཞུགས་འདུག་གསུངས། ལན་ཅིག་སྐྱེད་ལྷས་སུ་གྲིབ་ཀྱི་རྣམ་པས་གསུང་འགགས་ཏེ་