[A:༦༣བ] ཞིག་ནི། །ཆོས་རྗེ་བླ་མ་དཔལ་ལྡན་པ། །ཤར་ཆེན་པ་དང་རྡོ་རྗེ་འཆང་། །བདག་ཆེན་ཀུན་དགའ་དབང་ཕྱུག་ལ། །འཁོན་སྟོན་མཁས་གྲུབ་མ་ཏིས་གསན། །ཡིག་ཆུང་འགའ་ཡི་ལུང་དག་ནི། །བླ་ཆེན་བདག་པོ་ཞྭ་ལུ་པ། །པཎ་ཆེན་ཤཱཀྱ་མཆོག་ལྡན་ལ། །རྗེ་བཙུན་ཆོས་རྗེས་གསན་པའོ། །བདག་ནི་སྙིགས་དུས་ཁ་བའི་ལྗོངས། །མ་རུངས་རྒྱུ་བའི་ཁྲོད་དུ་ལྷུངས། །འོན་ཀྱང་སྔོན་གྱི་ལས་དབང་གིས། །ཡོངས་འཛིན་དམ་པ་འགའ་དང་མཇལ། །ཁྱད་པར་ཞིང་སྐྱོང་ནག་པོའི་སྐོར། །མཁས་གྲུབ་དམ་པ་བདུན་ལས་ཐོབ། །ཡང་དགོས་དྲིན་ཅན་རྡོ་རྗེ་འཆང་། །ཀུན་སྤངས་ཆེན་པོའི་ཞབས་པད་བསྟེན། །དད་གུས་གསེར་གྱི་ལྡེ་མིག་གིས། །ཟབ་དོན་ཐུགས་ཀྱི་སྒོ་ཕྱེ་ནས། །སྙན་བརྒྱུད་བདུད་རྩིའི་བུམ་བཟང་གནང་། །རྣམ་དཔྱོད་སྙིམ་པར་རབ་བཟུང་སྟེ། །ནན་ཏན་རོ་འཛིན་གྱིས་མྱངས་པས། །ངེས་ཤེས་སྙིང་གི་དཀྱིལ་དུ་ཤར། །ཕྱོགས་གཞན་སྨོན་པའི་རེ་བ་བྲལ། །ཨེ་མ་