[A:༡༠༢ན]རྩེ་ལི་མ་ལྷ་ཁང་གི་གཡབ་ཁྲར་སྡེ་སྲིད་ཞལ་ངོ་རྣམས་ལ་ཕ་རོལ་གྱི་བྱད་ཀ་རྦོད་གཏོང་གི་རྟགས་ཆེ་བར་བྱུང་བས། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ལ་དེ་བཞིན་གྱི་གནས་ཚུལ་ཕུལ་བ་ན། སྔགས་འཆང་ཉིད་ཀྱི་གསུང་ལས་ཀྱང་། བྱད་ཀའི་རྟགས་འདྲ་ཤིན་ཏུ་ཡང་འདུག་པས། དེ་ལ་དམིགས་ནས་གུར་ཞལ་ལ་བརྟེན་པའི་གསང་གཏོར་ཞིག་བྱེད་པ་ཡིན་ནོ་ཞེས་བཀའ་སྩལ་ནས། དེ་བཞིན་བསྒྲུབ་པར་མཛད་དེ། དེ་ནས་ཞག་གསུམ་ཙམ་སོང་བ་ན། སྡེ་སྲིད་བསོད་ནམས་ལྷུན་གྲུབ་ཉིད་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་ན་བཞུགས་ཡོད་པའི་སྐབས་སུ། མགྲོན་གཉེར་བས་འབྲུག་པའི་སྒར་པ་ཡིན་ཟེར་བ་གཅིག་སྔགས་འཆང་ཆོས་ཀྱི་རྒྱལ་པོར་ཕྱག་དབང་ཞིག་ཐུགས་རྗེ་ཆེ་དགོས་ཞུ་བར་འདུག་པ་ན། སྡེ་སྲིད་བསོད་ནམས་ལྷུན་གྲུབ་པས། སྔགས་འཆང་ཉིད་ལ་འདི་ལྟར་ཞུས་ཏེ། སྒར་པ་དེ་སྐྱེ་ས་རོང་ལྷུན་རབ་པ་ལགས་ཤིང་། གཤིན་རྗེའི་ལས་མཐའ་ངན་སྔགས་འབའ་ཞིག་བྱེད་པའི་