[A:༡༣༧ན]ཅུང་ཞིག་མི་གསལ་བའི་ཚུལ་གྱིས། ཕ་གི་དེ་མདར་པ་འཚོ་བྱེད་ཀྱི་བུ་ཡིན་འདུག་གམ་གསུངས་ཤིང་མཇལ་རེས་བཞིན་དགྱེས་དགྱེས་ཁོ་ན་མཛད་པ་ཞིག་ཡོད་གསུངས་པས། དེས་ན་རྗེ་འདི་མ་འོངས་བའི་དུས་སུ་ས་སྐྱ་པའི་བསྟན་པའི་གསལ་བྱེད་དམ་པ་སྐྱེ་འགྲོ་ཀུན་གྱི་རྩ་ལག་མཆོག་ཏུ་འགྱུར་བ་ལ་དགོངས་ནས། མུས་ཆེན་འཇམ་པའི་དབྱངས་དེ་ཉིད་ཀྱི་ཐུགས་རྗེའི་སྤྱན་རས་ཀྱིས་བུ་གཅིག་པ་ལྟར་འཚོ་ཞིང་བྱིན་གྱིས་བརླབས་པར་མཛད་པ་ལ་ཐེ་ཚོམ་དང་ཡིད་གཉིས་མི་དགོས་པ་ཡིན་ཞིང་། བླ་མ་དང་ལྷས་ཞལ་བསྟན་ཚུལ་ནི། རྗེ་ཉིད་འཇིགས་བྱེད་ཀྱི་གསུང་བསྙེན་ཞིག་ལ་བཞུགས་སྐབས། ལན་ཅིག་སྐུ་མདུན་གྱི་ནམ་མཁར་དེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསལ་ལ་དྭངས་པ་ཞིག་ཡུན་རིང་དུ་གཟིགས་ཤིང་། དེ་དང་དུས་ཉེ་བར་རྗེ་ཉིད་ས་སྐྱའི་མཆོད་ཞིང་བྱ་ཁྲ་མ་ན་འཁོར་མང་པོ་དང་བཅས་བཞུགས་འདུག་པ་ལ། དེའི་ལྷོ་ཕྱོགས་ཀྱི་ནམ་མཁར་རྗེ་ས་སྐྱ་པ་ཆེན་