[A:༡༤༣བ]ཉིད་ས་སྐྱའི་གྲུབ་མཐའི་རྗེས་འཇུག་ཏུ། །ཁས་ལེན་བཞིན་དུ་རྗེ་བཙུན་གོང་མ་ཡི། །གསུང་དང་འགལ་བའི་ལྟ་བ་འདི་འདོད་པ། །འཐད་པ་མིན་ཞེས་རྩོད་ངག་མང་དུ་བསྒྲགས། །འོན་ཀྱང་ཀུན་མཁྱེན་དེ་ཡིས་གཞན་སྟོང་གི །ལྟ་བ་སྟོན་བྱེད་གསུང་རབ་མང་བརྩམས་ནས། །ས་སྐྱར་བྱོན་ཚེ་ཆོས་རྗེ་ས་པཎ་གྱི། །ན་བཟའ་བླ་གོས་སྐུ་དྲེག་ཅན་ཞིག་ལ། །མཇལ་བས་དད་གུས་ཆེན་པོས་སྐུ་ཆོས་དེ། །ཞལ་དུ་འཇིབས་ཤིང་གསོལ་བ་མང་བཏབ་པས། །གཞན་སྟོང་ལྟ་བ་ལ་ཞེན་ཐུགས་འགྱུར་ཏེ། །དེ་ཕྱིན་གོང་མའི་གསུང་དང་མཐུན་པ་ཡིན། །ལྟ་བ་རང་སྟོང་སྐྱོང་ལ་གུས་པ་ཞིག །བྱུང་བ་ཡིན་ཞེས་བདག་གི་བླ་མ་གསུངས། །དེ་ལྟར་ཀུན་སྤངས་རྗེ་དང་དོལ་བུ་བ། །གདན་ས་རིམ་པར་བྱོན་ལ་ཇོ་ནང་པར། །གྲགས་ཤིང་དུས་ཕྱིས་ནག་པོ་སྤྱོད་པ་ཡི། །རྣམ་སྤྲུལ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་ཞབས། །དངོས་སློབ་བརྒྱུད་པར་བཅས་རྣམས་ས་སྐྱ་པའི། །རྒྱུད་འཛིན་འདྲེས་མེད་ཡིན་པར་སོ་སོ་ཡི།