[A:༡༤༤ན] །རྣམ་ཐར་བལྟས་པས་ངེས་ཤེས་སྐྱེ་བར་འགྱུར། །དེས་ན་གངས་ཁྲོད་བསྟན་འཛིན་ཐམས་ཅད་ཀྱིས། །ཞབས་ལ་གཏུགས་ཤིང་དཔལ་ལྡན་ས་སྐྱ་པ། །འདི་ནི་ཡོངས་རྫོགས་བསྟན་པའི་བདག་པོ་ཞེས། །སྙན་གྲགས་རྒྱ་མཚོའི་གོས་ཅན་ཁྱབ་འདི་ཡང་། །སྐྱེས་ཆེན་རྣམས་ཀྱི་འཕྲིན་ལས་བསྟན་སྲུང་གིས། །བསྒྲུབས་ལས་བྱུང་བར་ཁོ་བོ་ངེས་ཤེས་རྙེད། །རྙེད་པ་དེ་ཡང་བློ་གྲོས་མཐུ་ལས་བྱུང་། །བྱུང་བ་འདི་ལ་རྗེས་འཇུག་སྐལ་བཟང་ཀུན། །ཀུན་ཀྱང་ཡིད་ཆེས་གུས་པ་བསྐྱེད་པར་རིགས། །གངས་ལྗོངས་འདི་ན་ཡོངས་འཛིན་མང་ཡང་ཀུན་གྱི་སྐྱབས་གནས་ས་སྐྱ་པ། །ས་སྐྱ་པ་ཡི་བསྟན་འཛིན་མང་ཡང་སྙིགས་དུས་འགྲན་བྲལ་སྔགས་འཆང་རྗེ། །སྔགས་འཆང་རྗེ་ཡི་རྗེས་འབྲངས་ཡང་ཡང་བརྒྱུད་པ་ཟིན་པ་ཀུན་དགའི་མིང་། །ཀུན་དགའི་མིང་ཅན་སྤྱོད་ཚུལ་མང་ཡང་ཀུན་ཀྱང་བསྟན་པའི་བྱ་བ་ལགས། །གཉིས་པ་དེ་ལས་བྱུང་བའི་གདམས་པ་དངོས་བཤད་པ་ལ་