[A:༡༥༥ན] མ་སྩོལ་བར་མཛད་པ་ལགས་སོ། །མལ་ལོ་ནས་བརྒྱུད་པ་ལ་ཕོ་རྐྱང་དང་། མོ་རྐྱང་གཉིས་ཀྱི་རྗེས་གནང་ནི་མེད་དོ། །འོ་ན་ཁྲོ་བཅུའི་རྗེས་གནང་འདི་ཕོ་རྐྱང་དུ་སོང་སྙམ་ན། འདི་གཙོ་འཁོར་སྦགས་སྒྲུབ་ཡིན་པས་ཕོ་རྐྱང་དུ་མི་འགྱུར་བ་ཡིན་ཞེས་རྗེ་བློ་གསལ་རྒྱ་མཚོ་བཞེད་ཅིང་། བླ་མ་གོང་མ་འགའ་ཞིག་ནི། གྲི་གུག་ལྷ་ལྔ་དང་། མགོན་པོ་ཁྲོ་བཅུ་ཡང་ཕོ་རྐྱང་གི་ནང་དུ་འདུ་བར་འདོད་པ་དག་བྱུང་མོད་ཀྱི། འདི་ནི་གཙོ་འཁོར་སྦགས་སྒྲུབ་ཏུ་བཞེད་པ་ཉིད་དོན་ལ་གནས་པ་ཡིན་ནོ་ཞེས་བདག་གི་རྗེ་བླ་མ་དག་གསུངས་པ་ཤིན་ཏུ་འཐད་པར་མཐོང་ངོ་། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། མལ་ལོ་ནས་བརྒྱུད་ཕོ་རྐྱང་མོ་རྐྱང་ལ། །རྗེས་གནང་ཐོག་མ་ཉིད་ནས་མེད་པའམ། །འོན་ཏེ་བར་སྐབས་ཇི་ཙམ་དག་ནས་ཆད། །ཁྲོ་བཅུའི་རྗེས་གནང་།