[A:༣༧བ] ཇོ་མོས་མི་ལྤགས་གྱོན། ཐོད་པ་དང་རལ་གྲི་ལག་ཆར་ཐོགས། ཁོལ་མོས་རེ་ལྡེ་ནག་པོ་གྱོན། ལག་ན་ཁྲམ་བམ་དང་ཤོ་དྷེའུ་ཐོགས། ལྷ་མོ་དཔོན་གཡོག་གཉིས་མཐུ་རྩལ་ཤིན་ཏུ་ཆེ་བར་གྱུར་ཏེ། འཇིག་རྟེན་གྱི་མ་མོ་དཀར་མོ་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་། སྔོན་མོ་རལ་པ་འཛིང་མའི་ཚོགས་དང་། དམར་མོ་གཏུམ་མོའི་ཚོགས་དང་། སེར་མོ་མཁའ་ལ་བཞད་མའི་ཚོགས་དང་། དཀར་དམར་མཐིང་སེར་ལྗང་བའི་ལྷ་མོ་དང་། ཤིན་ཏུ་འཇིགས་པའི་བདུད་མོ་དང་། ཤ་ཁྲག་ལ་རབ་ཏུ་དགའ་བའི་སྲིན་མོ་དང་། དུར་ཁྲོད་གཡའ་གངས་ནགས་ཁྲོད་ལ་གནས་པའི་བ་ལམ་མ་དང་། རྒྱ་མཚོ་ལ་སོགས་པའི་ཆུ་དང་། རློན་དྲོད་ལ་གནས་པའི་ཁྲི་སྨན་མ་ལ་སོགས་པ་མ་མོ་བསམ་གྱིས་མི་ཁྱབ་པ་མང་པོ་ཡང་ལྷ་མོ་དཔོན་གཡོག་གི་འབངས་བགྱིའོ་ཞེས་ཟེར་ཞིང་བྲན་དུ་ཁས་བླངས། ལྷ་མོ་དེས་འཇིག་རྟེན་གྱི་མ་མོ་ཐམས་ཅད་ཀྱི་དཔོན་མོ་བྱས་ཏེ།