[A:༡༨༤བ] ལ་སོགས་པར་གསར་བ་བཅའ་ཞིང་བསྔོས་ནས་དེ་འཕྲལ་འབུལ་བ་སྟེ། དམ་པས་རྟག་ཏུ་འཕྲིན་ལས་མཛད་པའི་ཕྱིར། །རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང་། །ཞེས་པ་འདི་ཡིན་ནོ། །འདི་ལ་ཐུན་གཏོར་དང་། འཕྲལ་གཏོར་དང་། མགྱོགས་གཏོར་ཞེས་ཀྱང་བྱ། ཁ་ཅིག་འབུལ་གཏོར་ཞེས་ཀྱང་ཟེར་རོ། །དུས་དེང་སང་གི་ས་སྐྱ་པའི་སྔགས་འཆང་དག་གཏོར་མ་གསུམ་གྱི་རྣམ་དབྱེ་འདི་བཞིན་ཕྱེད་པར་གྱིས་ཤིག གཏོར་བསྔོས་ཀྱི་ཆོ་གའི་གོ་རིམ་ལ་རྗེ་རྡོ་རྗེ་འཆང་གི་ཕྱག་ལེན་ལ་གདོང་བཞི་པའི་རྗེས་སུ་ལས་མགོན་གྱི་བསྐྱེད་ཆོག་བྱས་ནས། གཏོར་མ་འབུལ་བར་མཛད། ཞལ་ངོ་ནང་བརྒྱུད་ལས་འོངས་པའི་བརྒྱུད་པ་འདི་པ་དག གདོང་བཞི་པའི་རྗེས་སུ་པུ་ཏྲ་ལ་བསྐྱེད་ཆོག་ལོགས་སུ་བྱས་ན་འཁོར་རྐྱང་དུ་བསྒྲུབ་པར་སོང་བས་ཅུང་མི་ཤིས་པས། ལྕམ་དྲལ་དང་ལྷན་ཅིག་ཏུ་བསྐྱེད་ཅིང་དཔོན་འགྲོ་གཡོག་འགྲོའི་ཚུལ་དུ་སྤྱན་འདྲེན་དམ་བཞག་བྱས་ལ། འབུལ་བའི་ཚེ་གཏོར་མའི་གོ་རིམ་དང་མཐུན་