[A:༢༠༦བ] ཞིབ་ཏུ་ནི་སྙན་བརྒྱུད་དང་ལྡན་པའི་ཡོངས་འཛིན་དག་གི་ཞབས་པད་ཡུན་རིང་དུ་བསྟེན་ཞིང་། ལུས་ལོངས་སྤྱོད་ཀྱི་སྒོ་ནས་དཀའ་བ་རྒྱ་ཆེན་པོ་སྤྱད་དེ་གསོལ་བ་ནན་ཏན་དུ་བཏབ་ནས་ཐུགས་དགྱེས་པ་ཆེན་པོས་ཞལ་གྱི་སྒོ་ནས་འབྱུང་བ་ཁོ་ན་ལ་རག་ལས་པ་ཡིན་པས། སྐལ་བཟང་དོན་གཉེར་ཅན་རྣམས་ཀྱིས་དགོངས་པར་མཛོད་ཅིག ཅིར་སྣང་དྲེགས་པ་རྒྱུད་གསུམ་རྣམ་རོལ་ལ། །གང་ཤར་རྙེད་དང་བཀུར་བསྟིའི་མཆོད་སྤྲིན་གྱི། །དབྱིངས་ཉིད་གདོད་ནས་ཡོད་མ་མྱོང་བཞིན་དུ། །སྣང་བ་གཞི་ནས་འགག་མེད་འདི་ངོ་མཚར། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་མོས་གུས་གཞོན་ནུའི་དགའ་བ་དང་འདྲ་བས་བསམ་པ་ཚིམ་པ་ནི། དེ་ལྟར་ཆོས་སྐྱོང་གི་རྗེས་གནང་ཅི་རིགས་པ་ཐོབ་པའི་རྗེས་སུ། ཕྱི་སྒྲུབ་དང་ནང་སྒྲུབ་ཀྱི་མན་ངག་ལ་བརྩོན་པས་ཉམས་སུ་བླང་ཞིང་། ཐུན་མཚམས་སུ་ཡང་ཚོགས་དང་གཏོར་མ་ལ་སོགས་པས་བླ་མ་ཡི་དམ་ཆོས་སྐྱོང་རྣམས་མཉེས་པར་བྱས་པས་རང་གཞན་