[A:༢༠༧ན] གྱི་གནས་སྐབས་དང་མཐར་ཐུག་གི་བཞེད་དོན་རྣམས་ལྷུན་གྲུབ་ཏུ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ལ། དེའི་ཚེ་བླ་མ་དང་ཆོས་སྐྱོང་དང་གདམ་ངག་རྣམས་ལ་ཡིད་ཆེས་པའི་དད་པ་དང་མོས་གུས་གཤའ་མ་རྐྱེན་གྱིས་འཕྲོག་པར་མི་ནུས་པའི་གཏིང་ཚུགས་པ་ནི་མོས་གུས་ཀྱིས་བསམ་པ་ཚིམ་པ་ཞེས་བྱ་བ་ཡིན་པར་གསུངས་སོ། །མཚན་ལྡན་བླ་མར་མན་ངག་དྲིན་ནོས་ནས། །ཉམས་སུ་བླངས་པས་དོན་གཉིས་ལྷུན་གྲུབ་སྟེ། །ལམ་འདིར་བསླུ་བ་མེད་པའི་མོས་གུས་ཀྱིས། །བསམ་པ་ཚིམ་པ་ཆོས་འདིའི་ཟབ་ཁྱད་ལགས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་དེ་དག་གིས་ནི་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་མ་ཚང་པ་མེད་པ་བསྟན་ཟིན་ཏོ།། །།འདིར་སྨྲས་པ། གངས་ཅན་ལྗོངས་འདིར་འགྲན་ཟླ་ཀུན་བྲལ་ས་སྐྱའི་བླ་ཆེན་གོང་མ་ལྔ། །བརྒྱུད་པར་བཅས་