R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༡༥ན
[A:༡༥ན]མང་པོ་འཁྱིལ་བའི་མཚོར། ། གཡོ་མེད་བདེ་བ་ཆེན་པོའི་རི་དབང་པོ། ། ཐབས་ཤེས་ལྷག་མ་ཅན་གྱིས་རབ་བསྐྱོད་པས། ། སྙིང་མུན་སེལ་བའི་ཟླ་བ་དེང་འདིར་བྱུང༌། ། ཞི་གནས་འོད་ཚོགས་རྒྱས་པའི་དཀྱིལ་འཁོར་ནི། ། ལྷག་མཐོང་ཆ་ཤས་ཡོངས་སུ་རྫོགས་པ་ལས། ། ཏིང་འཛིན་བསིལ་འོད་བྱེ་བ་[C:284]ཕྲག་བརྒྱ་ཡིས། ། ཉོན་མོངས་ཚ་གདུང་མ་ལུས་ཞི་བར་མཛད། ། ནང་གི་མུན་པས་ལྡོངས་པའི་སྐྱེ་དགུ་དག ། གསལ་བྱེད་འོད་དཀར་བདག་པོ་ཤར་ཡོད་ཀྱིས། ། ཀུན་ཁྱབ་ཐུགས་རྗེའི་སྣང་གསལ་འདི་ལོང་ཞིག ། རྨོངས་པའི་གོས་ནག་འཕྲོག་པར་གདོན་མི་ཟ། ། དེ་དག་ནི་སྒྲུབ་པ་བསམ་གཏན་གྱི་གནས་ལ་བརྩོན་པ་ལྷུར་མཛད་པའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ།།
ས་ལམ་གྱི་རྟོགས་པ་ཐུགས་རྒྱུད་ལ་ཡོངས་སུ་རྫོགས་པའི་གཏམ དེ་ལྟར་བསམ་གཏན་གྱི་གནས་ལ་རྩེ་གཅིག་ཏུ་བརྩོན་པས་བསྐྱེད་རྫོགས་ཟབ་མོའི་ཏིང་ངེ་འཛིན་ལས་ནམ་ཡང་མ་གཡོས་པར་སྒྲུབ་པ་དྲི་མ་མེད་པའི་རྒྱལ་མཚན་འཛིན་པར་མཛད་པས། ས་དང་ལམ་གྱི་མངོན༌[B:༣༢] པར་རྟོགས་པ་མཐའ་དག་ཐུགས་རྒྱུད་ལ་ཡོངས་སུ་རྫོགས་པར་འཁྲུངས་པའི་ཚུལ་ནི། དངོས་ཅག་སོ་སོ་སྐྱེ་བོའི་སྤྱོད་ཡུལ་ལས་འདས་པས། ཕྱི་རོལ་གྱི་རྟགས་དང་མཚན་མ་ལས་ཤེས་པར་བྱ་དགོས་ཏེ། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཤེས་གསུངས་པ་ལྟར་རོ། ། དེ་ལ་ཐོག་མར་དག་པའི་སྣང་བ་དང་འོད་གསལ་མངོན་དུ་གྱུར་པའི་ཚུལ་ཅུང་ཟད་ཙམ་བརྗོད་པར་བྱ་སྟེ། སྐུ་གཞོན་ནུའི་དུས་སུ་དག་སྣང་ལ་ཡི་དམ་གྱི་ལྷ་མང་དུ་གཟིགས་པའི་ལོ་བརྒྱུསརྒྱུས་ཀྱང་ཡོད་ལ། ཤར་ཕུར་འཇམ་པའི་དབྱངས་སྨྲ་བའི་སེང་གེ་ཞལ་དངོས་སུ་གཟིགས་ནས་དགེ་བའི་བཤེས་གཉེན་