[A:༡༥བ]མཛད་པར་ཞལ་གྱིས་མཆེས་པས། གནས་དེ་ལ་དིང་སང་ཀྱངཡང་འཇམ་དབྱངས་ཕུག་པར་གྲགས་ཤིང་། ཞལ་གཟིགས་ཐང་སྐུ་དང་བསྟོད་པའང་མང་དུ་མཛད་དོ། །ཙཱ་རི་གཡུ་མཚོར་འཇིགས་མཛད་[C:285]ལྷ་དགུ་མའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ལྷ་ཚོགས་གཞན་མང་པོས་བསྐོར་བ་ཡུན་རིང་དུ་གཟིགས་ཤིང༌། དེ་ཕྱིན་དུ་ཡང་ཡང་གཟིགས་པས་དེ་ཉིད་བསྒྲུབ་པའི་ཐབས་ཀྱང་མཛད། སེང་གེ་ཕུག་དང་ཡུལ་སྨད། ཆོས་ཡེས་བྲག་མགོ། སྒོ་གོང༌། སྐྱིད་མོ་སྒང་སོགས་སུའང་གཟིགས་སྣང་ཡ་མཚན་ཅན་མང་དུ་བྱུང༌། འབྲུག་མདའ་ཤུག་མོ་ཆེར་གསང་སྤྱོད་ལ་བཞུགས་པའི་ནུབ་མོ་ཅིགགཅིག་ཤུག་པའི་དཀྱིལ་ནས་བཤུགས་གླུ་མང་པོ་གྲག་བཞིན་པ་དང་བཅས་པས་ཀེང་རུས་ཁ་ནས་མེ་འབར་བ་མང་པོས་གར་བྱེད་ཅིང་འཁྲབས་པའི་མོད་ལ། འགའ་ཞིག་དྲུང་ཉིད་དུ་བསྙེན་ནས་ཅུང་ཟད་མཐོ་མཚམ་པའི་རྣམ་པ་སྟོན་པ་ན་ཏིང་ངི་འཛིན་གྱིས་གཟིར་བས། དེ་རྣམས་ལ་ཅིགགཅིག་ལ་ཅིག་ཐིམ་ནས། མཐར་ཀེང་རུས་གཉིས་སུ་གྱུར་པ་དེ་ཉིད། དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུ་འོད་ཕུང་གི་དབུས་ན་བཞུགས་པ། ཤུག་སྡོང་དེ་བས་ཀྱང་ཆེ་བའི་སྐུའི་རྣམ་པར་བསྟན་ནས་ནམ་མཁའ་ལ་ཡལ་བར་གཟིགས་པ་དང༌། གསང་ཕུར་བྱམས་པ་འཇམ་དབྱངས་མི་གཡོ་བ་སྒྲོལ་མ་སོགས་ཞལ༌[B:༣༣] གཟིགས་ཤིང་། དེ་ཉིད་དང་ཕྱོགས་གཞན་དག་ཏུ་དབྱངས་ཅན་མ་རིགས་མི་འདྲ་བ་མང་དུ་གཟིགས་པའི་ཞལ་གཟིགས་བསྟོད་པ་ཡང་ཡོད། ལྷ་མོ་ལྷ་ཁང་དུ་རྣལ་འབྱོར་དབང་ཕྱུག་བསྒོམ་བཟླས་མཛད་པའི་དུས་ཤིག་ཏུ། རྩིག་པ་དང་ཐོག་ལ་སོགས་པའི་སྣང་བ་ནུབ་སྟེ། ནམ་མཁའ་སྤྲིན་དང་བྲལ་བའི་དབྱིངས་སུ་པད་ཟླ་ལ་སེམས་དཔའི་སྐྱིལ་དཀྲུང་གིས་བཞུགས་པའི་རྣལ་འབྱོར་དབང་ཕྱུག་སྐུ་མདོག་རྨུག་པོ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་མཛད་ཅིང་རུས་པའི་རྒྱན་