[A:༡༧བ]ཐིལ་ཕལ་ཆེ་བ་དང་རྩེས་ཐང་གི་གླིང་མཐའ་དག་གསལ་བར་གཟིགས་པ་དང༌། ཕྱི་ནང་གི་དངོས་པོ་གང་ལའང་ཞེན་པ་དང་མཚན་འཛིན་མི་མངའ་བར་གསལ་སྟོང་བློ་བྲལ་གྱི་ངང་མི་གཡོ་བས་ནམ་མཁའ་དག་པའི་སྣང་བ་དང་ནམ་ཡང་མ་བྲལ་བར་བཞུགས་པ་ལ་སོགས་པ་ནི་འོད་གསལ་ལ་བརྙེས་པའི་རྟགས་སོ། །
འོད་གསལ༌[B:༣༦] མཁའ་ལྟར་དག་པ་རིག་པའི་གཤིས། །
མ་རིག་མུན་པས་ནམ་ཡང་མ་སྒྲིབས་པ། །
གཡོ་མེད་མེ་ལོང་དྭངས་པའི་གཟུགས་ལྟ་བུ། །
མངོན་སུམ་སྒྲིབ་མེད་ཉིད་དུ་ཉེར་གཟིགས་ནས། །
བསལ་བཞག་མེད་པའི་མཁའ་དབྱིངས་རབ་བསྒྲོད་དེ། །
ཡང་དག་ཤེས་བྱའི་དཀྱིལ་འཁོར་ལ་བལྟས་པས། །
བལྟ་རུ་མེད་པ་སྣང་སྟོང་ཟབ་མོའི་དོན། །
ངོ་མཚར་ཡུལ་སྣང་ལྟད་མོ་ཅི་ཡང་མཐོང༌། །
བསྟན་དང་མཐོང་དུ་མེད་པ་ཆོས་ཀྱི་དབྱིངས། །
ངོས་བཟུང་མཚན་མའི་དྲི་མས་མ་སྦགས་པ། །
སྟོང་ཉིད་སྒེག་མོའི་གཟུགས་ཀྱི་ལང་ཚོ་དེའང༌། །
མངོན་སུམ་གཟིགས་པའི་སྤྱན་ལྡན་ཁྱོད་ལགས་སོ། །།
འདི་དག་ནི་དག་པའི་སྣང་བ་དང་མི་བྲལ་ཞིང་འོད་གསལ་འཁོར་ཡུག་ཏུ་མངའ་བའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱེད་པའི་རིམ་པའོ།། །།
མཐུ་སྟོབས་ཀྱི་རྫུ་འཕྲུལ་མངོན་དུ་མཛད་པའི་གཏམ།
དེ་ལྟར་ཡི་དམ་གྱི་ལྷས་བྱིན་གྱིས་བརླབས་ཤིང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་དབང་ལས། ཐུན་མོང་བའི་དངོས་གྲུབ་རྣམས་ནི་ཞར་ལས་འབྱུང་བ་ཆོས་ཉིད་[C:290]པས། ཐུགས་ལ་ཇི་ལྟར་བཞེད་པ་རྣམས་འབད་མེད་དུ་བྱུང་སྟེ། ལྷ་ཆེན་བཞེངས་པར་འུ་ཤང་མདོར་ཕེབས་པའི་དུས་སུ། གཙང་ཕྱོགས་ནས་སླེབ་པའི་ཟངས་དོས་བཅུ་གཉིས་ཁོ་ན་ལས་གཞན་པའི་བཟོ་རྒྱུ་དང༌། ཉེར་སྤྱད་ཅི་ཡང་མེད་བཞིན་པར་ལྷ་བཟོ་བ་གདན་འདྲེན་གནང་སོང་བ་ལ། སྐུ་འཁོར་བ་དག་གིས་རྒྱུ་མེད་པར་ལྷ་ཆེན་ཇི་ལྟར་བཞེངས་པ་སོགས་ཀྱི་སྐྱོན་ཡོན་ཞུས་པས་