R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༥བ
[A:༢༥བ]རྟག་པའི་བདག༌[B:༥༠] ཉིད་ཅན་གྱི་འཕྲིན་ལས་ལྷུན་གྱིས་གྲུབ་པའི་རྟགས་སོ། ། རྒྱ་ཆེན་ལུང་གི་ཆུ་ཀླུང་འཁྱིལ་བའི་མཚོ། ། དངོས་སྟོབས་རིགས་པའི་རྦ་རླབས་གཡོ་བ་དེར། ། ཐོས་བསམ་སྒོམ་པའི་བང་རིམ་མཐོ་ལྡན་པ། ། ཐུབ་བསྟན་གསེར་གྱི་རི་དབང་མཐོན་པོའི་རྩེར། ། ཏིང་འཛིན་སྒོ་བརྒྱ་འབྱེད་པའི་གཞལ་མེད་ཁང༌། ། རྣལ་འབྱོར་བཞི་ཡི་བ་གམ་བཏོད་པ་དེར། ། སྙོམས་འཇུག་རྣམ་དགུའི་གདན་ཁྲི་ཡངས་པ་ལ། ། གཡོ་མེད་རྡོ་རྗེའི་སྐྱིལ་དཀྲུང་བརྟན་པོར་བཅས། ། ངོ་མཚར་མཛད་པའི་སྤྱན་སྟོང་རབ་ཕྱེ་ནས། ། ངེས་དོན་རྟོགས་པའི་རྡོ་རྗེ་ཆེར་གདེངས་པས། ། ལྷ་མིན་བདུད་ལས་རྒྱལ་བ་ཁྱོད་ལགས་སོ། ། དེ་དག་ནི་ཡོན་ཏན་གྱི་ཆོས་མང་པོས་ཐུགས་[C:307]རྒྱུད་ཡོངས་སུ་གཏམས་པ་རྗེས་སུ་དཔག་པར་བྱེད་པའི་རྟགས་མངོན་དུ་གྱུར་པའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ། །
འཆད་པའི་སྟོབས་ཀྱིས་གདུལ་བྱའི་པད་ཚལ་རྒྱས་པར་མཛད་པའི་གཏམ། དེ་ལྟར་ཐོས་བསམ་སྒོམ་གསུམ་གྱིས་རང་དོན་མཐར་ཕྱིན་ནས་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པའི་ཚུལ་ཡང༌། །ཐོག་མར་བཤད་པ་ཉིན་མོར་བྱེད་པའི་དགའ་སྟོན་གྱིས་སྐལ་ལྡན་གྱི་སློབ་མ་རྣམས་ལ་ཡང་དག་པའི་ལམ་སྣང་བར་མཛད་པའི་ཚུལ་བརྗོད་པར་བྱ་སྟེ། དགུང་ལོ་བཅུ་བརྒྱད་བཞེས་པ་ཤིང་མོ་ལུག་གི་ལོའི་དབྱར་ཆོས་ཀྱི་ཐོག་ཏུ། དཔལ་གསང་ཕུ་ནེའུ་ཐོག་རྡོ་རྗེའི་གདན་གཉིས་པར་གྲགས་པའི་ཆོས་ཀྱི་གྲྭ་ཆེན་པོའི་འཆད་ཉན་པར་མངའ་གསོལ་ཏེ། མཐོང་སྨོན་གྲྭ་ཚང་གི་ཆོས་སྟོན་པར་གསེར་གྱི་ཁྲི་ལ་ཞབས་ཀྱི་པདྨོ་རྣམ་པར་བཀོད་ཅིང༌། འཇམ་དབྱངས་དཀོན་མཆོག་བཟང་པོའི་སྲས་ཀྱི་ཐུ་བོར་བཟུང་ནས༌། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འབུམ་མཐོང་སྨོན་དང་། དེ་གང་དུ་བཞུགས་པའི་གནས་གཟིམས་ཁང་ཐོངམཐོང་སྨོན་གྱིས་ཐོག་དྲངས། དམ་པ་དེ་ཉིད་ཀྱི་མཆོད་པའི་རྟེན་དང༌། ཉེ་བར་སྤྱད་པའི་ལོངས་སྤྱོད་དང་གྲྭ་བུ་སློབ་ལ་སོགས་པ་དབང་རིས་