[A:༣༣ན]བུའི་གསུང་རབ་བརྩམས་ཆོས་མ་ལུས་པ་ཡང༌། དོན་གྱི་བརྗོད་བྱ་ནི། རྒྱལ་བའི་བཀའ་ཇི་ལྟ་བ་བཞིན་ལ་ཚིག་གི་སྡེབསསྡེབ་སྦྱོར་ཕུན་སུམ་ཚོགས་པས་རྣ་བར་སྙན་ཅིང་གོ་བར་སླ་བས་མཁས་པས་མཐོང་ན་དགའ་བར་བྱ། ཧ་ཅང་རྒྱས་དྲགས་པ་མ་ཡིན་པས་ཉོག་པའི་སྐྱོན་དང་བྲལ། བསྡུས་དྲགས་པ་མ་ཡིན་ཞིང་འཇམ་ཀླས་པས་ཚིག་གྱོང་བའི་སྐྱོན་དང་བྲལ། སྙན་ངག་གི་བརྡ་ཕུན་སུམ་ཚོགས་པས་གྲོང་པའི་ཚིག་གི་སྐྱོན་དང་བྲལ། གབ་ཚིག་མང་པོས་མ་བཅིངས་པས་གོ་དཀའ་བའི་སྐྱོན་དང་བྲལ། སྐྱེ་བོ་ཕལ་པའི་ཚིག་དང་མ་འདྲེས་པས་ཐ་མལ་པའི་སྐྱོན་དང་བྲལ་བ་སྟེ། མཁས་པ་ལེགས་བཤད་རྩོམ་ན་ཤེས་བྱ་བའི་ཚུལ་དུ། ཚིག་རྣར་སྙན་ཅིང་དོན་ཡིད་ལ་འབབ་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་པ་ཤ་སྟག་གོ །
དོན་ཟབ་གསུང་རབ་ནོར་བུའི་ཕྲེང་བ་ནི། །
སྙན་འཇེབས་ཚིག་གི་སྲད་བུ་ལ་བརྒྱུས་ནས། །
ཤེས་ལྡན་མགུལ་བའི་རྒྱན་དུ་བྱིན་པ་ལས། །
མཁས་མང་ངོ་མཚར་བསྐྱེད་མཁས་ཁྱོད་ལགས་སོ། །
ཁྱོད་ཀྱི་ལེགས་བཤད་ཡན་ལག་དྲུག་ཅུའི་གདངས། །
གདངས་སྙན་སྟོང་ཉིད་སྙིང་རྗེའི་ང་རོ་དེ། །
དེ་བཞིན་གཤེགས་པའི་བཀའ་དང་མི་གཉིས་ཞེས། །
ཞེ་སར་བཅས་ནས་མཁས་རྣམས་རྟག་ཏུ་བསྔགས། །
དགྲ་བཅོམ་མང་པོས་གཅིག་ཏུ་མ་བསྡུས་ཤིང༌། །
ཚིག་འདི་རྒྱ་གར་ཡུལ་ལས་མ་བསྒྱུར་ཀྱང༌། །
རྒྱལ་བའི་བཀའ་ལས་ནམ་ཡང་མི་གཉིས༌[B:༦༤] པའི། །
རྨད་བྱུང་གསུང་རབ་འདི་འདྲ་གང་ནས་བྱོན། །
སྔོན་མེད་ལེགས་བཤད་སྒྲོག་པ་འདི་ཐོས་ཏེ། །
ཤེས་ལྡན་མཁས་པའི་འཁོར་ཚོགས་འབུམ་སྡེ་རྣམས། །
དཔག་ཚད་མང་པོ་འདས་[C:324]པའི་ཕ་རོལ་ནས། །
དད་པའི་སྟོབས་ཀྱིས་ཁྱེད་སྐུའི་སྤྱན་སྔར་འདུས། །
མ་འོངས་ཁྱོད་གསུང་ལེགས་བཤད་འདི་བྱོན་ནས། །
ཐུབ་བསྟན་ཉིན་མོར་བྱེད་པ་རབ་མཁྱེན་པའི། །
རྒྱལ་བ་