[A:༣༧ན]ནས་ཀྱང་ལེགས་པར་གཟིགས་ཤིང་གཏན་ལ་ཕབ་པས། ཐུགས་ཡིད་ཆེས་པའི་ངེས་པར་འདྲོངས་ནས། རྟོགས་ལྡན་པ་ལ་སའི་དཔྱད་རྣམས་ལེགས་པོ་འདུག་ཅིང༌། ས་དམིགས་ཀྱང་སྐབས་ལ་བབ་པར་འདུག་པས། ངེད་དཔོན་སློབ་རྣམས་གཟའ་སྐར་བཟང་པོ་ལ་མཁར་ལན་མཛད་པར་ཕེབས་འབྱོན་པ་ཡིན་གསུང་ནས་ཉན་པོ་ལ་ཐེགས་ཏེ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྤྱན་སྔར་གསོལ་བ། གོལ་མའི་[C:332]ལུང་པ་དེ་ནི་དབེན་ཞིང་ཡངས་ལ་ཉམས་དགའ་བར་ཕྱོགས་ཐམས་ཅད་སྤང་རི་ཡིད་དུ་འོང་བ་ཀུ་ཤའི་མྱུ་གུས་གང་བ་ལ་སྤང་རྒྱན་ལ་སོགས་པའི་མེ་ཏོག་བཀྲ་བས་མཛེས་པ། བར་བར་ན་བྲག་རི་ཅུང་ཟད་འདུག་པ་རྣམས་ཀྱང་མཛེས་པའི་ཆེད་དུ་ལྷ་དག་གིས་བཀོད་པ་ལྟ་བུ།
ཕྱོགས་གཡས་གཡོན་གཉིས་ནས་འབབ་ཆུ་ཅུང་ཟད་རེ་འབབ་པས་བསྐོར་བའི་དབུས་ནེའུ་སིང་ཡིད་དུ་འོང་བ་མེ་ཏོག་སྣ་ཚོགས་དང་ཆུ་མིག་རབ་ཏུ་མང་པོས་བརྒྱན་པའི་དཀྱིལ་སྟོད་ཀྱི་ཐད་ན། ས་སྐམ་པོ་འབུར་དུ་དོད་པ་གཟིམས་ཁང་དང་ཆོས་ཁྲིའི་དམིགས་ཡུལ་འོས་པ་དང༌། དེ་དང་འབྲེལ་བ་ན་སའི་སྡིངས་ཆེན་པོ་གཙུག་ལག་ཁང་འདུ་ཁང་དང་བཅས་པའི་ས་དམིགས་སུ་འོས་པ་ཡང་འདུག །ཤར་གྱི་སྟག་སྐྱའོ་སོགས་ཕྱོགས་ཀྱི་ས་བདག་བཞི་ཡང་ཚང༌[B:༧༡] མར་འདུག །རིའི་རྩེ་མོ་མ་ཉམས་ཤིང་ཕུ་བགས་ཀྱིས་གཞོལ་བས་འཕྲིན་ལས་ཀྱི་རྒྱུན་ཆུ་བོ་ལྟར་རིང་བའི་སའི་དཔྱད་དང༌། བྱང་ཤར་གྱི་ཕྱོགས་ན་བྲག་རི་དུང་འབུར་དུ་དོད་པ་འདྲ་བ་ཞིག་འདུག་པས་སྙན་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་སྒྲོག་པའི་སའི་དཔྱད་དང༌། མདའ་ཕྱག་རྒྱར་བསྣོལ་ཞིང༌། ཁྱད་པར་དུ་རི་སྣ་དམར་པོ་དཔལ་ཚོགས་ཀྱི་བདག་པོས་གླང་པོ་ཆེའི་སྣ་བརྐྱང་བ་ལྟ་བུས་བསྐྱོར་བའི་ངང་ཚུལ་ཅན། ལོངས་སྤྱོད་ཟད་མི་ཤེས་པ་རྒྱུན་པར་འབྱུང་བའི་སའི་དཔྱད་ལ་སོགས་པ་ཡིད་ལ་