[A:༤༡བ]མཛད་ཅིང༌། ཤིས་པ་ལྷག་པར་སྐྱོང་བའི་དགའ་སྟོན་རྒྱ་ཆེན་པོ་དང་བཅས་པ་བསྒྲུབས། གསུང་གི་རྟེན་ལ་ཐོག་མར་ཉིད་རང་གིགིས་གསན་སྦྱོང་མཛད་པའི་གཞུང་རྣམས་གསེར་ལས་བཞེངས་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་བཀའ་འབུམ་ཤོག་སྐྱར་བཞེངས་པ་དང་བཅས་པས་བསྟན་འགྱུར་གྲས་ཀྱི་པོ་ཏི་བཅུ། དེ་རྗེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་[C:342]པ་རྒྱས་འབྲིང་བསྡུས་པ་གསུམ་དང༌། རྒྱུད་སྡེ་དང་མདོ་སྡེ་སོགས་གཙོ་གང་ཆེ་བ་འགའ་ཞིག་དང་བཅས་པའི་གསེར་ཆོས་པོད་ཆེན་སུམ་ཅུ་སོ་གྲངས་ཙམ་དང༌། ཐུགས་ཀྱི་རྟེན་ལ་འབུམ་མོ་ཆེ་བཞེངས། དུས་ཀྱི་མཆོད་པ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་བཞི་ལ་ཚོགས་སུ་མང་ཇ་དང༌། དུས་ཆེན་བཟང་པོ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཕྱག་སྦལ་ཉིད་ནས་རྒྱུན་མི་ཆད་བར་གཏོང་བ་སོགས་རྗེའི་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྐང༌[B:༧༩] བར་མཛད། ཉིད་ཀྱི་ཐུགས་དམ་དུ་དངུལ་གར་བླུགས་ཀྱི་སྒྲོལ་དཀར་རྩེ་འཁྲུཁྲུ་གང་པ་རྒྱ་མཚོའི་དབུས་སུ་པད་སྡོང་ལ་བཞུགས་པ་སོགས་གཟོ་ཁྱད་ཀྱིས་འཕགས་ཤིང༌། གཡུ་འཕྲ་བསམ་གྱིས་མི་ཁྱབ་པས་བརྒྱན་པ་དང༌། ལམ་འབྲས་བརྒྱུད་པ་ཡོང་སུ་ཚང་བའི་གསེར་སྐུ་ཁྲུ་ཚད་མ་འདི་བཞེང་པར་བརྩམས་ཏེ། ཕྲོའཕྲོ་ཅན་རྣམས་སྐུའི་དབོན་པོ་ཆོས་རྒྱལ་མཚན་པ་ལ་བཀའ་གནང་ནས་བསྒྲུབས། གཞན་ཡང་འཇིགས་བྱེད་ལྷ་ཁང་དང༌། མགོན་ཁང་ཕྱི་ནང་སོགས་ན་འབུར་སྐུ་ལོགས་བྲིས་དང་བཅས་པ་བསམ་གྱིས་མི་ཁྱབ་པ་བཞུགས་པ་ལ། ལོ་ཆེན་བསོད་རྣམས་རྒྱ་མཚོའི་སྡེའི་ཕྱག་ལས་བདར་ཏེ། མདའི་བླ་བྲེས་སོགས་སྤྱན་གཟིགས་ཀྱི་བཀོད་པ་སྣ་ཚོགས་པས་མཛེས་པར་བྱས་པ་རྣམས་དང༌། ལམ་འབྲས་ལྷ་ཁང་གིས་ཐོག་དྲངས་ལོགས་བྲིས་ཡ་མཚན་ཅན་རྣམས་དང༌། ཐུགས་དམ་ཐང་སྐུ་ངོ་མཚར་ཅན་དཔག་ཏུ་མེད་པ་རྣམས་དང་མཉེས་ཐང་