[A:༤༢ན]ཆོས་རྫོང་དུ་ཐམས་ཅད་མཁྱེན་པ་བློ་གྲོས་བསྟན་པའི་སྐུ་གདུང་གི་བཞུགས་ཁང་ཟངས་གསེར་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་མཐོ་བཅུ་ཡོད་པ་འདི་དང༌། གཞན་ཡང་ཡུལ་ཕྱོགས་མང་པོར་རྟེན་གསུམ་བསམ་[C:343]གྱིས་མི་ཁྱབ་པ་བཞེངས་པར་མཛད་པ་སོགས་བརྗོད་ཀྱི་མི་ལང་ངོ༌། །
བསྟན་པ་ཡུན་རིང་གནས་པའི་གཞི་དང་རྟེན། །
མ་ལུས་དགེ་འདུན་འདུས་པའི་སྡེ་ཆེན་པོ། །
ངོ་མཚར་སྐུ་གསུང་ཐུགས་རྟེན་དང་བཅས་པས། །
ཡངས་པའི་ས་ཆེན་མཐའ་དག་ཁྱབ་པར་མཛད། །
ཁྱོད་ཀྱི་སྙིང་སྟོབས་ཕྲག་པ་མཐོན་པོ་ལ། །
ཡོངས་རྫོགས་བསྟན་པའི་ཁུར་ཆེན་རབ་བཟུང་སྟེ། །
བར་ཆད་དགྲ་ལས་རྟག་ཏུ་རྒྱལ་བ་ཡི། །
རྔ་ཆེན་སྲིད་པ་གསུམ་ན་ལྷང་ངེར་གྲག། །
ཀློག་སྤོང་ལས་ཀྱི་དཀྱིལ་འཁོར་ཡོངས་གང་ནས། །
ཕན་བདེའི་འོད་དཀར་བྱེ་བ་ཕྲག་བརྒྱ་ཡིས། །
ཐུབ་བསྟན་ནོར་འཛིན་མ་ལུས་གསལ་མཛད་ཀྱང༌། །
བདུད་གནས་མུན་པའི་གླིང་དུ་ཁྱོད་ཀྱིས་སྦས། །
བསྟན་དང་འགྲོ་ལ་གང་ཕན་ས་ཡི་མདུད། །
མཐའ་དག་ཐུགས་རྗེའི་དཔུང་པས་རབ་བཟུང༌[B:༨༠] སྟེ། །
དམ་ཆོས་ཀློག་པའི་དགའ་སྟོན་འགྱེད་མཁས་པ། །
ཆོས་ཀྱི་ས་སྐྱོང་དབང་པོ་ཁྱོད་ལགས་སོ། །
དེ་དག་ནི་བསྟན་པའི་གཞི་རྟེན་དུ་ཆོས་གྲྭ་ཆེ་བྲན་དང་དགེ་འདུན་གྱི་སྡེ་བཙུགས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་རྨད་དུ་བྱུང་བ་རྣམས་བསྒྲུབས་པའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ།། །།
སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་གཏམ། 1458
དེ་ལྟར་བསྟན་པ་དང་སེམས་ཅན་ལ་ཕན་བདེའི་མཛད་པ་ནམ་མཁའི་མཐའ་གྲུ་གཞལ་བ་ལྟ་བུས་གདུལ་བྱ་རྣམས་སྨིན་པར་མཛད་བཞིན་པའི་ངང་ནས། མཉེས་ཐང་དུ་སྐུ་ཁམས་ཅུང་ཟད་ངན་དུ་སོང་བའི་ཚུལ་བསྟན་ཏེ། གསེར་གདུང་ལ་རབ་ཏུ་གནས་པ་ལེགས་པར་བསྒྲུབས་ནས། སྟག་ལོ་ཧོར་ཟླ་དྲུག་པའི་ནང་དུ་ནཱ་ལེནྡྲར་